༄༅། །བོད་ལྗོངས་ནས་སྣ་མའི་མེ་ཏོག་རིགས་ཀྱི་རྩི་ཤིང་གསར་བ་ཞིག་རྙེད་པ།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 04-24



        གསར་འགོད་པས་བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་སྣ་མའི་མེ་ཏོག་རིགས་བརྟག་དཔྱད་རུ་ཁག་གིས་མེ་ཏོག་རྫོང་གི་ཁོངས་གཏོགས་ནས་སྣ་མའི་མེ་ཏོག་རིགས་ཀྱི་བཟོ་ལྟ་མི་འདྲ་བའི་རྩི་ཤིང་གསར་བ་ཞིག་རྙེད་པ་དང་། ཞིབ་འཇུག་མི་སྣ་ཡིས་གཟུགས་དབྱིབས་ཆགས་སྟངས་དང་ཆ་རྡུལ་མ་ལག་རིག་པའི་ཞིབ་འཇུག་བྱས་པ་བརྒྱུད། དེ་ཉིད་ནི་སྣ་མའི་མེ་ཏོག་རིགས་ཀྱི་བཟོ་ལྟ་མི་འདྲ་བའི་རྩི་ཤིང་གསར་བ་ཞིག་སྟེ་མེ་ཏོག་རྫོང་གི་བཟོ་ལྟ་མི་འདྲ་བའི་སྣ་མའི་མེ་ཏོག་ཏུ་གཏན་འཁེལ་བྱས་པ་རེད།

འདི་ནི་མེ་ཏོག་རྫོང་གི་བཟོ་ལྟ་མི་འདྲ་བའི་སྣ་མའི་མེ་ཏོག་ཡོད་པའི་ཁོར་ཡུག་ཡིན།

        བོད་ལྗོངས་སྣ་མའི་མེ་ཏོག་རིགས་བརྟག་དཔྱད་རུ་ཁག་གི་འགན་འཁུར་པའམ་ཀྲུང་གོའི་ཚན་རིག་གླིང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཅིན་ཞའོ་ཧྭ་ཡིས་མཚམས་སྦྱོར་བྱས་ན། མེ་ཏོག་རྫོང་གི་བཟོ་ལྟ་མི་འདྲ་བའི་སྣ་མའི་མེ་ཏོག་འདི་ཐེངས་དང་པོར་འབྲུག་ཡུལ་རྒྱལ་ཁབ་ནས་གསར་རྙེད་བྱུང་བ་དང་། རྒྱལ་ནང་ལ་མཚོན་ན་བོད་ལྗོངས་ཀྱི་མེ་ཏོག་རྫོང་ཁོ་ནར་མ་གཏོགས་ཁྱབ་མེད་པ་རེད། རྩི་ཤིང་གསར་བ་འདིའི་འབུར་ཐོན་ཁྱད་ཆོས་ནི་མེ་ཏོག་འདབ་མའི་ཐོག་ཏུ་མདོག་དམར་སྨུག་གི་ཁྲ་ཐིག་ཡོད་པ་དང་། འདབ་མ་ལ་འདབ་ལྷེ་གསུམ་ཡོད་ཅིང་། བར་མ་ནི་ཧ་ཅང་ཐུང་ལ། ནང་དུ་འབོལ་སོབ་གཤིས་ཀྱི་ལྒང་དབྱིབས་དངོས་པོ་ཞིག་ཡོད་པར་མ་ཟད། ད་དུང་དེ་དང་ལོགས་གནས་ཀྱི་འདབ་ལྷེ་གཉིས་ཀྱི་ཆེ་ཆུང་ལའང་ཁྱད་པར་མངོན་གསལ་ཡོད་པ་རེད།

འདི་ནི་མེ་ཏོག་རྫོང་གི་བཟོ་ལྟ་མི་འདྲ་བའི་སྣ་མའི་མེ་ཏོག་གི་གང་བུའི་གྲུབ་ཚུལ་ཡིན།

        མེ་ཏོག་རྫོང་གི་ཐད་འཕྱང་མཚོ་འཕགས་ཀྱི་ཁྱད་པར་ཧ་ཅང་ཆེ་ཞིང་། ནམ་ཟླ་དང་རྩི་ཤིང་རིགས་མི་འདྲ་བའི་མུ་ཁྱུད་མང་བོ་བརྒལ་ཡོད་སྟབས། ཁྱད་ཆོས་འབུར་དུ་ཐོན་ཞིང་རིགས་སྣ་མང་བའི་སྲོག་ཆགས་དང་རྩི་ཤིང་གི་ཁུལ་ལག(区系)ཡོད་པ་དང་། དེ་ཡིས་སྣ་མའི་མེ་ཏོག་རིགས་ཀྱི་རྩི་ཤིང་གི་སྐྱེ་འཕེལ་ལ་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་ཡོད། ཞིབ་འཇུག་ལས་གསལ་བ་ལྟར་ན། མེ་ཏོག་རྫོང་ནི་རང་རྒྱལ་གྱི་སྣ་མའི་མེ་ཏོག་རིགས་ཀྱི་དངོས་རིགས་ཕུན་སུམ་ཚོགས་ཚད་ཅུང་མཐོ་བའི་རྫོང9ཡི་ནང་གི་གཅིག་ཡིན་པར་མ་ཟད། དེ་ནི་རང་རྒྱལ་གྱི་རི་སྐྱེས་སྣ་མའི་མེ་ཏོག་རིགས་ཀྱི་རྩི་ཤིང་ཁྱབ་པའི་ས་ཁུལ་མིང་དུ་གྲགས་ཤོས་ཀྱང་ཡིན། མེ་ཏོག་རྫོང་གི་བཟོ་ལྟ་མི་འདྲ་བའི་སྣ་མའི་མེ་ཏོག་གསར་རྙེད་བྱུང་བ་ཡིས་མེ་ཏོག་རྫོང་གི་དངོས་རིགས་ཀྱི་སྣ་མང་རང་བཞིན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

        ཞིབ་འཇུག་གྲུབ་འབྲས་འདི་དྲ་ཐོག་ནས་རྒྱལ་སྤྱིའི་རྩི་ཤིང་རིགས་དབྱེ་རིག་པའི་དུས་དེབ《རྩི་ཤིང་རིགས་དབྱེ》(植物分类)ཞེས་པར་སྤེལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1