འབའ་ཐང་རྫོང་གིས་དཔེ་སྟོན་གླིང་ཁུལ་གྱི་སྒོ་འབྱེད་མཛད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-26


        ཉེ་ཆར། འབའ་ཐང་རྫོང་གིས་ཚོང་འགུགས་མ་འདྲེན་གྱི་གཅིག་སྡུད་གན་རྒྱ་བཞག་པ་དང་ཞིང་ལས་ཐོན་ལས་མཉམ་འདྲེས་དཔེ་སྟོན་གླིང་ཁུལ་གྱི་སྒོ་འབྱེད་མཛད་སྒོ་སྤེལ་ཞིང་། ཡུལ་སྐོར་ཚོང་པ་དང་ལས་གཞི8ལ་གན་རྒྱ་བཞག་པ་དང་། སྤྱིའི་མ་འཇོག་སྒོར་དུང་ཕྱུར1.6304ཟིན་པ་དང་། གླིང་ཁུལ་ཁེ་ལས5ལ་སྤྱིའི་མ་འཇོག་སྒོར་དུང་ཕྱུར1.17ཟིན་ཡོད་པ་རེད།

        ད་ཐེངས་ཀྱི་གན་རྒྱ་འཇོག་པའི་ལས་གཞི་གཙོ་བོ་དེང་རབས་ཞིང་ལས་དང་སྐྱེ་ཁམས་ཡུལ་སྐོར་སོགས་སུ་གཅིག་སྡུད་བྱས་པ་ཚང་མ་ས་ཁོངས་ཀྱི་འགྲན་རྩོད་ནུས་པ་དང་། གསར་གཏོད་ནུས་པ། འཕེལ་རྒྱས་ནུས་པ་བཅས་ཆེ་རུ་གཏོང་བའི་ཐོན་ལས་ལས་གཞི་གལ་ཆེན་ཞིག་རེད། དེའི་ནང་མ་དངུལ་སྒོར་ཁྲི5000བཏང་བའི་ལས་གཞི་གཉིས་ཡོད་དེ། གྲོ་ཐོན་ལས་འབྲེལ་ཐག་ཆ་ཚང་གསར་སྤེལ་བྱེད་པའི་ལས་གཞི་དང་། སྤྱིའི་སྤྱོད་སའི་ཐོན་ཁུངས་མུའུ30དང་། སོན་བཟང་གསོ་སྤེལ་རྟེན་གཞི་མུའུ1000བཅས་ཡོད་པ་རེད། དུས་ཐེངས་དང་པོར་མ་དངུལ་སྒོར་ཁྲི2000བཏང་ནས་ས་བོན་ཉོ་སྒྲུབ་དང་། ཐོན་ཁུངས་གླིང་གི་ས་ཆ་འཁོར་རྒྱུག་འགྲོ་གྲོན། སྣ་ཁ་ཞིབ་འཇུག་གསར་སྤེལ། ཐོན་རྫས་གསར་སྤེལ། བྲིན་ཚོང་དྲིལ་བསྒྲགས། བཀར་འཇུག། སྐྱེལ་འདྲེན། དོ་དམ་སོགས་ལ་སྤྱད་དེ2023ལོ་ནས2025ལོ་བར་མ་འཇོག་ལེགས་སྒྲུབ་བྱ་རྒྱུ་རེད། འབའ་ཐང་རྫོང་དཔལ་སྐྱིད་ཐང་ནས་བསྙལ་བའི་སྦི་རག་ལས་གཞིའི་ས་ཆ་འདེམས་པ་དང་ཞིང་ལས་ཐོན་ལས་མཉམ་འདྲེས་དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་བྱེད་པའི་ནང་དོན་ནང་ཐོན་རྫས་ཐོན་སྐྱེད་དང་། བཟོ་སྣོན། ཐུམ་སྒྲིལ་བཟོ་གྲྭ་འཛུགས་སྐྲུན། ཐོན་རྫས་ཞིབ་འཇུག་གསར་སྤེལ། དྲིལ་བསྒྲགས་འགྲེམས་སྟོན་ཐིང་། གཉེར་ཚོང་དྲིལ་བསྒྲགས། འགྲེམ་བརྡ་གཏོང་བ་སོགས་ཚུད་ཡོད་པ་རེད།

        འབའ་ཐང་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཅིག་སྡུད་གན་རྒྱ་དང་ཞིང་ལས་ཐོན་ལས་མཉམ་འདྲེས་དཔེ་སྟོན་གླིང་ཁུལ་གྱི་སྒོ་འབྱེད་པའི་མཛད་སྒོ་དེ་ནི་འབའ་ཐང་རྫོང་གིས་ཞིང་ཆེན་ཏང་ཨུའི“ཅན་བཞི་གོམ་པ་གཅིག་མཚུངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ས་ཁུལ་ལྔ་མཉམ་དར”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་སྤྱིའི་ལས་ཀའི་རྣམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁུལ་ཡོངས་ཀྱི“གཙང་གསུམ་རྒྱུད་དྲུག”ཐོན་ལས་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་གཞི་ཚུགས་པ་དང་། “ཚོན་མདོག་སྣ་ལྔའི་བོད་རིགས་ཡུལ་ཤོག་དང་ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱིས་སྣེ་ཁྲིད་པ་དང་།“ཁྱད་ཆོས་ཅན་དང་། རྩེ་གྲ། སྤུས་ལེགས”བཅས་ཀྱི་འཕེལ་རྒྱས་ཐབས་ལམ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནང་འདྲེན་བྱེད་པ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ་བཅས་བྱ་དགོས།

        ཤེས་རྟོགས་བྱུང་བར་གཞིགས་ན། གླིང་ཁུལ་དེ2020ལོར་སྐྲུན་འགོ་ཚུགས་པ་དང་མིག་སྔར་སྨི་གྲུ་བཞི་མ4500ཟིན་པའི་ལས་སྒོའི་ཁང་ཚན2དང་། སྨི་གྲུ་བཞི་མ6095ཡི་ཚད་ལྡན་བཟོ་ཁང་ཁང་ཚན3། ཉིན་རེར་ཏུན300ཡི་བཙོག་ཆུ་གཙང་སེལ་ས་ཚུགས1བཅས་བསྐྲུན་ཡོད་པ་རེད།

ད་ཐེངས་ཀྱི་བྱེད་སྒོས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རིགས་ཀྱི་ལས་གཞི4དང་། ཡུལ་སྐོར་རིག་གནས་རིགས་ཀྱི་ལས་གཞི9འོས་སྦྱོར་བྱས་ཡོད་ལ། ཁམས་འབའ་ཐང་གི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་གནམ་གཤིས་ཀྱི་དྲོ་གྲང་བཟང་པོ་ལ་ཕྱོགས་ཀྱི་ཁེ་ལས་པ་གྲངས་ལས་འདས་པས་དགའ་པོ་བྱེད་ཀྱིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1