2015ལོའི་ཟླ་5བའི་ཚེས་15ཉིན་གྱི་ཞོགས་པའི་ཆུ་ཚོད་7པ་ནས་བཟུང་། མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་སྐད་འཁོར་སྐར་འཕྲིན་ལམ་གྱི་མིང་དེ་སྔར་ཀྱི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཞེས་པ་ནས། ཨ་མདོ་བརྙན་འཕྲིན་དུ་བསྒྱུར་རྒྱུ་རེད། ཨ་མདོ་ཞེས་པ་ནི། ད་ལྟའི་མཚོ་སྔོན་གྱི་ཡུལ་ཤུལ་ཁུལ་མ་གཏོགས་པའི་བོད་ཁུལ་ཡོངས་དང་། ཀན་སུའུ་བོད་ཁུལ། སི་ཁྲོན་གྱི་བོད་ཁུལ་ཁག་ཅིག་བཅས་ཀྱི་སྤྱི་མིང་ཡིན་ལ། ཨ་མདོའི་ཡུལ་སྐད་བེད་སྤྱོད་པའི་ས་ཁུལ་ཡོངས་ལའང་ཟེར་བ་ཡིན། མཚོ་སྔོན་བོད་སྐད་བརྙན་འཕྲིན་སྤྱི་ལོ་1984ལོའི་ཟླ་10བའི་ཚེས་1ཉིན་བོད་སྐད་གསར་འགྱུར་སྒྲོག་སྤེལ་ནས་མགོ་བརྩམས་ཏེ་བྱུང་བ་ཡིན། དང་ཐོག་སྐར་མ་བཅུ་ཡས་མས་ཀྱི་བོད་སྐད་གསར་འགྱུར་དང་རིམ་བཞིན་བོད་ཀྱི་རིག་རྩལ་ལེ་ཚན། དེ་ནས་ཆེད་སྒྲིག་ལེ་ཚན་སོགས་སུ་འཕེལ་རྒྱས་སོང་སྟེ། ཉིན་རེའི་གཏོང་ཡུན་དུས་ཚོད་གཅིག་ཡས་མས་ཀྱི་མཚམས་སུ། བོད་སྐད་འཁོར་སྐར་འཕྲིན་ལམ་ཅན་དུ་འཕེལ་བ་དང་། 2005ལོའི་ཟླ་2པའི་ཚེས་28ཉིན་མཚོ་སྔོན་བོད་སྐད་འཁོར་སྐར་འཕྲིན་ལམ་དངོས་སུ་གཏོང་མགོ་རྩོམ་པའི་དགུང་ཚོགས་བསྡུས་ནས་དགའ་སྟོན་དང་རྟེན་འབྲེལ་རྒྱ་ཆེར་ཞུས། 2014ལོའི་བར་དུ་མཚོ་སྔོན་གྱི་བོད་སྐད་བརྙན་འཕྲིན་ལ་ལོ་ངོ་སུམ་ཅུའི་ལོ་རྒྱུས་ཡོད་པར་གྱུར། ད་ལྟ་མཚོ་སྔོན་ཨ་མདོའི་ཡུལ་སྐད་གཙོ་བོ་ཡིན་པའི་བོད་སྐད་བརྙན་འཕྲིན་སྟེ་ཨ་མདོ་བརྙན་འཕྲིན་ཉིན་རེའི་བོད་སྐད་གཏོང་ཡུན་དུས་ཚོད་བཅོ་བརྒྱད་དུ་སླེབས་ཡོད་པ་དང་། བོད་རིགས་ལས་བྱེད་མི་སྣ་འཁོར་སྐར་འཕྲིན་ལམ་གཏོང་མགོ་རྩོམ་སྐབས་ཀྱི་མི་50ཡས་མས་ནས་ད་ལྟ་110ཡས་མས་སུ་འཕར་ཡོད།
འདས་པའི་དུས་སུ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ལ་མདོ་དབུས་ཁམས་གསུམ་དང་རྒྱལ་ཁབ་ཕྱི་ནང་ནས་དགའ་བསུ་ཚད་མེད་ཐོབ་ཅིང་། 2010ལོའི་ཡུལ་ཤུལ་ས་འགུལ་གྱི་སྐབས་སུ་མཚན་སྙན་གྱི་བ་དན་སྔར་ལས་ཀྱང་ཕྱོགས་བཞིར་ཁྱབ། བོད་རིགས་སྤུན་ཟླར་བརྗེད་པར་དཀའ་ལ་མི་རིགས་ནང་ཁུལ་མཐུན་སྒྲིལ་ལ་ཤུགས་རྐྱེན་ཆེན་པོ་འབྱུང་བྱེད་དུ་གྱུར། བོད་སྐད་དང་བོད་ཡིག་དག་པོར་སྤྱོད་ཅིང་། བོད་ལྭ་གྱོན་པ་ནི་བོད་རིགས་མང་ཚོགས་ཀྱི་ཁས་ལེན་ཐོབ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་ཡང་གྲུབ་ཡོད། །