སེའུ་དམར་པོ་སྨིན་པའི་དུས་ཚིགས་སུ་ལྕགས་ཟམ་རྫོང་དུ་ཡུལ་སྐོར་ཁྲོམ་ར་འདུ་ལོང་ཆེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-04


        

        ལྕགས་ཟམ་རྫོང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོ་རྒྱུད། ཆང་ལས་རི་རྒྱུད་དང་གངས་རི་ཆེན་པོའི་རི་རྒྱུད་བར་དུ་ཆགས་ཡོད་ཅིང་། ཤར་དུ་གཡག་རྔ་ས་ཁུལ་གྱི་ཧྲི་མེན་རྫོང་དང་ཤར་ལྷོའི་མཚམས་སུ་གཡག་རྔ་ས་ཁུལ་གྱི་འགག་སྨད་རྫོང་དང་ས་མཚམས་སྦྲེལ་ཡོད། ནུབ་བྱང་མཚམས་སུ་དར་མདོ་གྲོང་ཁྱེར་དང་རོང་བྲག་རྫོང་དང་ས་མཚམས་སྦྲེལ་ནས་ཡོད་པ་རེད།

        ལྔ་གཅིག་གུང་གསེང་རིང་ལྕགས་ཟམ་ཁར་ཕེབས་དང་། གནམ་གཤིས་དྲོ་གྲང་འཚམ་ཞིང་། སེའུ་དམར་པོའི་འབྲས་བུ་མངར་མོ་ལོངས་སུ་སྤྱོད་ཆོག་ལ། གསར་བརྗེའི་གནས་གཞི་རྙིང་པ་ལྕགས་ཟམ་ཁའི་དམར་དམག་གི་དྲན་གསོ་རྡོ་རིང་དང་། ལྕགས་ཟམ་ཟམ་པ་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།

        ལྕགས་ཟམ་ཟམ་པ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུར་བཙུགས་པའི་ལྕགས་ཐག་བཅུ་གསུམ་ཅན་གྱི་འཕྱང་ཟམ་ཡིན་ཞིང་། ༡༩༣༦ལོར་དམར་དམག་རྒྱང་སྐྱོད་དུས་སུ་ས་གནས་འདིར་བརྒྱུད་དུས་ལོག་སྤྱོད་དམག་གིས་བཀག་པས་དམར་འཛིང་ཆུ་ཚོད་གཉིས་རིང་བྱས་མཐར། དཔའ་བོ་ཉེར་གཉིས་གཙོས་པས་ལྕགས་ཟམ་ཟམ་པ་འཕྲོག་པར་བརྟེན་ནས་སྐད་གྲགས་རྒྱལ་ཕྱི་ནང་ཀུན་ལ་གྲགས་པ་རེད།

        ༡༩༩༦ལོར་ལྕགས་ཟམ་ཟམ་པ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་སློབ་གསོ་ཨུ་ལྷན། གུང་གཞོན་ཚོགས་པ་ཀྲུང་དབྱང་། རིག་གནས་པུའུ་བཅས་ཀྱིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གཏན་འཁེལ་གནང་ཞིང་། ༢༠༠༡ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིར་གཏན་འཁེལ་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1