བོད་ཀྱི་འགྲམ་འགག་སྒོའི་ཕྱོགས་གཉིས་པོའི་ཟོག་འདྲེན་སླར་གསོ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-05


འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་རྟེན་འབྲེལ་ཤོག་སྦག་བརྒྱབ་ནས་དངོས་ཟོག་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་མཛའ་གྲོགས་ཟམ་ཆེན་དུ་སྐྱོད་པར་རྟེན་འབྲེལ་ཞུ་བཞིན་པ།

        འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་1ཉིན་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་འགྲམ་འགག་སྒོ་དངོས་སུ་སླར་གསོ་ཐུབ་ནས་ཉིན་དེར་ནང་འདྲེན་བྱས་པའི་དངོས་ཟོག་གི་རིན་ཐང་མི་དམངས་ཤོག་སྒོར་ཁྲི་10.25ཟིན་གྱི་ཡོད་པ་རེད།

        བསྡོམས་རྩིས་བྱས་པར་གཞིགས་ན། 2015ལོར་ནེ་པ་ལར“4·25”ས་ཡོམ་ཆེན་པོ་བརྒྱབ་པའི་རྐྱེན་གྱིས་འགྲམ་འགག་སྒོའི་འགྲོ་ལམ་དང་ཟམ་པ་སོགས་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་འཁོར་རྒྱུག་བྱེད་མཚམས་མ་འཇོག་ཀ་མེད་བྱུང་ཡོད། 2019ལོར་འགྲམ་འགག་སྒོ་ལས་ཁུངས་ཀྱིས་ནེ་པ་ལ་ཕྱོགས་ལ་ཕྱིར་གཏོང་སླར་གསོ་བྱས་པ་དང་བགྲོད་ལམ་དེའི་ནུས་པ་སླར་གསོ་བྱས་པ་ནས་འདི་ལོའི་ཟླ་4ཚེས་28ཉིན་བར་ཕྱིར་གཏོང་དངོས་ཟོག་ཏུན་ཁྲི་16.79ཙམ་ཟིན་པ་དང་། དངོས་ཟོག་གི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་29.61ཟིན་ནས་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་གྱི་ལས་དོན་ཏན་ཏིག་སྤེལ་བ་དང་བོད་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་འདེགས་སྐྱོར་གལ་ཆེན་བྱས་ཡོད།

        འགྲམ་འགག་སྒོ་ནི་ཀྲུང་གོ་དང་ནེ་པ་ལའི་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་བྱེད་པའི་བགྲོད་ལམ་གཙོ་བོ་ཞིག་ཡིན་པའི་ངོས་ནས་ཀྲུང་གོ་ནས་ཨེ་ཤེ་ཡ་ལྷོ་མར་སྐྱོད་པའི་སྐམ་ས་ཆེ་མོའི་འགག་སྒོ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པས། ཀྲུང་ནེའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་བཞིན་ཡོད། གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་གྱིས་གསར་སྤེལ་སྒོ་དབྱེའི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་བཏང་ནས་ཕྱི་ཕྱོགས་ཚོང་དོན་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། འགག་སྒོའི་ཞབས་ཞུའི་སྤུས་ཚད་དང་ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ་རེད།

        མིག་སྔར་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་དང་འགྲམ་འགག་སྒོ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཟིན་པ་དང་། ལེགས་རྩེ་འགག་སྒོ་འདི་ལོ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ། འདྲེན་ཐང་དང་རི་འོག་འགག་སྒོའི་བྱེད་ནུས་ཁུལ་གྱི་རྣམ་པ་རགས་ཙམ་ཆགས་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་རིམ་བཞིན་སྐུལ་འདེད་གཏོང་བ། གྲོ་མོ་མཐའ་མཚམས་ཚོང་དོན་གྱི་བགྲོད་ལམ་བརྟན་པོའི་ངང་སྐྲུན་པ་བཅས་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1