“བསྐྱར་དར་རྟགས་ཅན”མཚོ་བོད་ལྕགས་ལམ་སྟེང་བསྐྱོད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-06



        མཚོ་བོད་ལྕགས་ལམ་ཐད་ཀྱི་གཏམ་བཟང་།

        མཚོ་བོད་ལྕགས་ལམ་ནས་སླར་ཡང་གཏམ་བཟང་གྲགས་པ་སྟེ། “བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་མཚོ་བོད་ལྕགས་ལམ་སྟེང་ཐོག་མར་བསྐྱོད་རྒྱུ་རེད།  ཉེ་ཆར། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། མཚོ་བོད་ལྕགས་ལམ་གྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་དུས་མཚམས་གསར་པར་སླེབས་ཏེ། ཟི་ལིང་ནས་གོར་མོ་བར་གྱི་ལམ་དུམ་སྔོན་དཔག་བྱས་ན་ད་ལོ་ཡོངས་རྫོགས་རིམ་སྤོར་ཟིན་རྒྱུ་དང་། ལམ་དུམ་དེའི་སྟོང་སྨི829.251གི་ལམ་ཐིག་གི་འཁོར་སྐྱོད་དུས་ཚོད་ཆུ་ཚོད5.2ནང་ཚུན་དུ་མགྱོགས་སུ་ཕྱིན་ནས་མགྱོགས་ཤོས་ལ་ཆུ་ཚོད4.8ལས་འགོར་གྱི་མེད་པ་དེ་ད་ལྟའི་མེ་འཁོར་མགྱོགས་ཤོས་ལ་ཆུ་ཚོད6.8འགོར་བ་ལས་ཆུ་ཚོད2ཀྱིས་མགྱོགས་སུ་འགྲོ་རྒྱུ་རེད་ལ། དེང་རབས་ཅན་གྱི་མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་དང་ཞབས་ཞུའི་སྤུས་ཚད་ཀྱང་དེ་བས་ལེགས་སུ་འགྲོ་རྒྱུ་རེད།

        མཚོ་བོད་ལྕགས་ལམ་དེ་ཤར་གྱི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ནུབ་ཀྱི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བར་ཡིན་ཞིང་། ཁྱོན་རིང་ཚད་ལ་སྟོང་སྨི1956ཡོད་པ་དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ལམ་ཐིག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཞིག་ཡིན་ལ། དེ“ལྷོ་ཆུ་བྱང་འདྲེན”དང“ནུབ་རླངས་ཤར་འདྲེན”“ནུབ་གློག་ཤར་སྐྱེལ”བཅས་དང་མཉམ་དུ“ཀྲུང་གོའི་དུས་རབས་གསར་པའི་འདུ་འགོད་ཆེན་པོ་བཞི”ཞེས་བརྗོད་ཀྱི་ཡོད།

        མཚོ་བོད་ས་མཐོའི་ས་བབ་མཐོ་བ་དང་། ས་དབྱིབས་གཡང་གཟར་བ། ས་དབྱིབས་རྙོག་འཛིང་ཆེ་བ་བཅས་ལས་འགྲིམ་འགྲུལ་སྟབས་ཧ་ཅང་བདེ་པོ་མེད། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་རྔ་མོང་ཁྲི4ལྷག་ཙམ་སྤྱད་ནས་བོད་ལྗོངས་ལ་དངོས་ཟོག་སྐྱེལ་འདྲེན་མི་བྱེད་ཐབས་མེད་བྱུང་བས། ལམ་བར་ཟད་གྲོན་ཤུགས་ཆེན་བྱུང་སྟེ། ཆ་སྙོམས་སྤྱི་ལེ1རེ་བསྐྱོད་ཚེ་རྔ་མོང12ཤི་འགྲོ་ཡིན། དུས་རབས20པའི་ནང་ཨ་རིའི་ཡུལ་སྐོར་བ་པའོ་ལུའོ•ཐའེ་ལུའུ་ཡིས“ཁུ་ནུ་རི་རྒྱུད་ཡོད་ཚེ་ལྕགས་ལམ་ནམ་ཡང་ལྷ་སར་སླེབས་མི་ཐུབ”ཅེས་ཚིག་ཐག་བཅད་ནས་བཤད་ཡོད།

        1958ལོར“འཛམ་གླིང་ཐོག་བཟོ་སྐྲུན་བྱེད་དཀའ་ཤོས་ཀྱི་ལྕགས་ལམ”དེ་སྐྲུན་འགོ་ཚུགས་ཤིང་། དུས་ཐེངས་དང་པོའི་ལས་གྲྭ་ཟི་ལིང་ནས་གོར་མོ་ལམ་དུམ1984ལོའི་ཟླ5པར་བསྐྲུན་ཟིན་པ་དང་། དུས་ཐེངས་གཉིས་པའི་ལས་གྲྭ་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ2001ལོར་ལས་འགོ་ཚུགས་པ་དང2006ལོར་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ཡོད།

        ལོ་བཅུ་ཕྲག་ཁ་ཤས་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ཐད་མཐོ་གྲང་གསོ་རླུང་དཀོན་པ་དང་། ལོ་མང་འཁྱག་ས། སྐྱེ་ཁམས་ཉམས་ཞན་སོགས་འཛམ་གླིང་རིམ་པའི་ལས་གྲྭའི་དཀའ་གནད་ཆེན་པོ་གསུམ་ལས་སྒྲོལ་ཞིང་། ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེས་བོད་ལྗོངས་སུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོ་དང་བརྗིད་ཉམས་ཆེ་བའི་ཁུ་ནུ་རི་བོས་འཛམ་གླིང་ལྕགས་ལམ་ལོ་རྒྱུས་ཐོག་གི་ངོ་མཚར་བདེན་དཔང་བྱས་ཡོད།

ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་གྲངས་གཞི་ལས་མངོན་པར། 2006ལོར་ཤར་གཏོང་ཐུབ་པ་ནས2022ལོའི་ལོ་མཇུག་བར། མཚོ་བོད་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར8.03དབོར་བ་དང་འགྲུལ་པ་མི་ཐེངས་དུང་ཕྱུར2.65སྐྱེལ་འདྲེན་བྱས་ཡོད།

        ད་ཆ“ངོ་མཚར་ཆེ་བའི་མཁའ་ལམ”དེ་སྔར་བས་མགྱོགས་སུ་དང་བརྟན་དུ་ཕྱིན་ཡོད་ཅིང་། “2022ལོའི་ཟླ7པ་ནས་འགོ་ཚུགས་པའི་ད་ཐེངས་ཀྱི་སྤུས་ཚད་མཐོར་གཏོང་གི་སྒྱུར་བཀོད་དེ་ཟི་ལིང་ནས་ནུབ་ཀྱི་སྟོང་སྐོར་དང་། མདའ་བཞི། རྐང་ཚ། ཐེམ་ཆེན། ཝུའུ་ལམ། གཏེར་ལེན་ཁ་བཅས་བརྒྱུད་གོར་མོར་འབྱོར་གྱི་ཡོད” ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ཟི་ལིང་འབབ་ཚུགས་སྒྱུར་བཅོས་བཀོད་འདོམས་པུའི་ལག་རྩལ་ཨར་ལས་པུའི་ཀྲུའུ་རེན་ཝང་ཆིང་ཨན་གྱིས“ཤུགས་འགྲེམས་མེ་འཁོར་བརྗེས་རྗེས་སྒུལ་ཤུགས་ཆེ་རུ་ཕྱིན་ནས་འགྲུལ་སྐྱེལ་མེ་འཁོར་གྱི་ཆུ་ཚོད་རེའི་མྱུར་ཚད་དེ་སྔའི་ཆུ་ཚོད་རེར་སྤྱི་ལེ120ནས་སྤྱི་ལེ140བར་བསྐྱོད་པ་ནས་ད་ཆའི་ཆུ་ཚོད་རེར་སྤྱི་ལེ160བསྐྱོད་པའི་བར་མགྱོགས་སུ་ཕྱིན་ཡོད་ལ། མེ་འཁོར་དེ་བས་མང་དུ་བཏང་ནས་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་གཏོང་ཆོག”ཅེས་བཤད།

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྤུས་ཚད་མཐོར་གཏོང་གི་སྒྱུར་བཀོད་ཀྱི་དཀའ་གནད་གྲས་ཤིག་ནི་ས་མཐོའི་ལྕགས་ལམ་ལམ་གཞིའི་འཁྱགས་སྐྱོན་དང་ལྷག་པར་དུ་མཚོ་སྔོན་པོ་སྐོར་བའི་ལམ་དུམ་བཅོས་སྒྲིག་བྱ་རྒྱུ་དེ་རེད། “འདིར་ས་འོག་ཆུ་ཅུང་མང་བས། གལ་ཏེ་ལམ་གཞིའི་ཆུ་འབུད་ཡག་པོ་མེད་ཚེ་དེར་ཆུ་འཁྱིལ་ཏེ་དགུན་ཁ་འཁྱགས་སྦོས་ཐེབས་ནས་ལྕགས་ལམ་གྱི་བཟོ་ལྟ་འགྱུར་སྲིད་ལ་དེའི་ཐོག་མེ་འཁོར་བསྐྱོད་ཚེ་ཡམ་ཡོམ་བྱེད་པའི་གནས་ཚུལ་ཡང་ཐོན་སྲིད། བཅོས་སྒྲིག་བྱས་པ་བརྒྱུད་འཁོར་ལམ་དེ་བས་བདེ་རུ་ཕྱིན་ནས་ཤུགས་འགྲེམས་མེ་འཁོར་སྐྱོད་སྐབས་དེ་བས་བརྟན་ལ་མགྱོགས་སུ་ཕྱིན་ངེས་ཡིན”ཞེས་བཤད།

        ད་ཐེངས་ཀྱི་སྒྱུར་བཀོད་ཀྱིས་ད་དུང་ཟམ་པ་དང་ལམ་འོག་གི་ཆུ་འགྲོ་བརྟན་དུ་ཕྱིན་ཏེ་ཟི་ལིང་ནས་གོར་མོ་བར་གྱི་ལམ་དུམ་སྒྲིག་ཆས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་རྒྱུ་རེད་ལ། མདའ་བཞི་འབབ་ཚུགས་ཀྱི་ས་ཚིགས་ཁང་གསར་སྐྲུན་དང་གཏེར་ལེན་ཁ་འབབ་ཚུགས་ཀྱི་ས་ཚིགས་ཁང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དེས་ཤུགས་འགྲེམས་མེ་འཁོར་བསྐྱོད་ཐུབ་པ་དང་ཁ་བཀག་ས་ཡོད་པར་འགྱུར་རྒྱུ་རེད། མེ་འཁོར་འབབ་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ཐད། ཟི་ལིང་ནས་གོར་མོ་བར་གྱི་ལམ་དུམ་གྱི་འབབ་ཚུགས་ཆེ་ཤོས་ཤིག་ཡིན་པའི་ཚྭ་འདམ་གཤོང་སའི་དབུས་རྒྱུད་ཀྱི་གཏེར་ལེན་ཁ་འབབ་ཚུགས་འདི་ཉིད་སྨི་གྲུ་བཞི་མ5200ནས་སྨི་གྲུ་བཞི་མ10700བར་རྒྱས་སྐྲུན་བྱ་རྒྱུ་དང་། མདའ་བཞི་འབབ་ཚུགས་སུ་སྨི་གྲུ་བཞི་མ2000ཟིན་པའི་ས་ཚིགས་ཁང་གསར་སྐྲུན་བྱ་རྒྱུ་ཡིན་ཞིང་། མིག་སྔར་སྒྲོམ་གཞི་བཏིངས་ཟིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1