རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ལེའུ་གསར་པ་སྔར་བས་གཏིང་ཟབ་དང་སྟོབས་ཆེར་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱ་ཆེད།“ལྔ་གཅིག”རིང་སྡེ་དགེ་རྫོང་སྲིད་གྲོས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་བློ་སེམས་གཅིག་མཐུན་ངང་དེང་རབས་ཅན་གྱི་སི་ཁྲོན་མཉམ་སྐྲུན་གྱི་ཆེད་དོན་སྐུལ་སློང་བཀོད་སྒྲིག་ལ་དམ་པོར་དམིགས་པ། སྲིད་གྲོས་ཀྱི་ཀྲུའུ་ཞི་ཐུབ་བསྟན་ནམ་མཁས་འགོ་ཁྲིད་དང་རིག་གནས་ཡུལ་སྐོར་ཅུས་ཀྱི་མཉམ་འབྲེལ་ཐོག་ལས་ཁུངས་བརྒྱད་ལ་མཛུབ་ཁྲིད་བྱས་ཏེ་ཁམས་པའི་རིག་གནས་གླིང་མཛེས་ལྗོངས་ཁུལ་དུ“དར་རྒྱས་མཉམ་གཏོད་དང་ཕུན་ཚོགས་མཉམ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་དང་པོའི་སྡེ་དགེ་རྫོང་གི་དམངས་ཁྲོད་རིག་གནས་གསར་གཏོད་དང་ཉོ་ཚོང་འདུ་ཚོགས་གཟབ་རྒྱས་འཚོགས།
བྱེད་སྒོ་སྤེལ་རིང“སྐབས་དང་པོའི་སྡེ་དགེ་དམངས་ཁྲོད་རིག་གནས་གསར་གཏོད་དངོས་མང་སྟོན་ཚོགས་དང་ཉོ་ཚོང་འདུ་ཚོགས་གཟབ་རྒྱས་དང་། “སྡེ་དགེ་རིག་གནས་རིག་རྩལ་སྤེལ་རེས།”“སྨན་ཤོད་ལག་བཟོས་གཅིག་སྡུད་འགྲེམས་ཚོང་།” “གེ་སར་རིག་གནས་རོལ་དབྱངས་འགྲེམས་སྟོན”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རིག་གནས་སྤེལ་རེས་དང་། རིག་གནས་གསར་གཏོད། གླེང་སྟེགས། སྒྱུ་རྩལ། འགྲེམས་སྟོན། ཚོང་འདུས་སོགས་སྣ་མང་རིག་གནས་མཉམ་འདྲེས་ཏན་ཏིག་བྱས་ཏེ། ཕྱོགས་གཅིག་ནས“ལྔ་གཅིག”གུང་གསེང་རིང་གི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་དང་ཞབས་ཞུ་འགན་ལེན་ལས་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཏེ་གེ་སར་ཟློས་གར་རྒྱུན་འཛིན་དང་དར་སྤེལ་བཏང་བས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་འགྲེམས་སྟོན་ཉོ་ཚོང་གི་གསོག་ཉར་དངོས་རྫས་ནང་དུས་རབས་རིམ་བྱུང་གི་བོད་མི་རིགས་ཀྱི་འཚོ་བའི་མཁོ་ཆས་དང་རྒྱན་ཆའི་ལག་ཤེས་བཟོ་རྩལ་ཐོན་རྫས། བྱུ་རུའི་ཕྲེང་བ། དེང་རབས་སྒྱུ་རྩལ་ཐོན་རྫས། ཤུལ་བཞག་མ་ཡིན་པའི་རིག་གནས་གསར་གཏོད་སོགས་ཀྱི་ཐོན་རྫས་བཅས་ཚུད་ཡོད་པས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་བ་དང་། ས་ཁོངས་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད།
སླད་ཕྱིན། སྡེ་དགེ་རྫོང་སྲིད་གྲོས་ཀྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གཙོ་གནད་ལ་མུ་མཐུད་དམ་པོར་དམིགས་ནས། རིག་གནས་ཀྱིས་ཡུལ་སྐོར་ལ་བཞེངས་བསྐྲུན་དང་ཡུལ་སྐོར་གྱིས་རིག་གནས་མངོན་པར་མཚོན་པར་རྒྱུན་འཁྱོངས་བྱས་ཤིང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བཏང་ཡོད།