མི་རིགས་སློབ་གསོའི་མེ་ཏོག་མཛོད་དགེའི་རྩྭ་ཐང་ཆེན་མོར་རྣམ་པར་བཞད།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-08


        སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་ནི།  བོད་ཀྱི་སློབ་དཔོན་ཆེན་མོ་དང་མཐོ་རིམ་ཕྱུགས་ལས་བོད་ཀྱི་ཕྱུགས་བཅོས་སྨན་པ་ཆེན་མོ།  རྒྱལ་ཡོངས་ངལ་རྩོལ་དཔེ་སྟོན་མཁན།  རྒྱལ་ཡོངས་སྔོན་ཐོན་ལས་གཉེར་མཁན་རྗེ་བློ་བཟང་ཉི་མས1960ལོར་གསར་དུ་བཙུགས་པ་ཡིན།  སློབ་གྲྭ་ཐོག་མར་འཛུགས་སྐབས་སློབ་གྲྭའི་མིང་ལ་བཞག་ལྡོམ་ཡུལ་ཚོའི་བོད་ཀྱི་ཕྱུགས་སྨན་སློབ་གྲྭ་ཞེས་གསོལ།  སྔ་རྗེས་སུ་སློབ་གྲྭའི་མིང་ལ་བཞག་ལྡོམ་ལྔ་བདུན་སློབ་གྲྭ་དང་མཛོད་དགེ་ལྔ་བདུན་སློབ་གྲྭ་ཞེས་སུའང་གསོལ་མྱོང་།  1981ལོའི་ཟླ7པའི་ཚེས10ཉིན།  རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་རྔ་བ་ཁུལ་མཛོད་དགེ་བོད་ཡིག་སློབ་འབྲིང་འཛུགས་པར་ཆོག་མཆན་དངོས་སུ་སྤྲད།

     

        གནའ་སྔ་མོར་ཁུང་ཙི་སློབ་གྲྭས་རུའུ་ལུགས་པའི་བསམ་བློའི་ཤུགས་རྐྱེན་ལ་བརྟེན་ཏེ།  རྒྱལ་ཁབ་ཀྱི་མི་རབས་རེ་རེ་ལ་སློབ་གསོ་བཏང་།  བསམ་བློ་རེ་རེ་ལམ་སྟོན་སྒྲོན་མེ་ཡིན་ལ་བློ་འབྱེད་དང་ཁྲིད་སྟོན་གྱི་སྒུལ་ཤུགས་ཀྱང་ཡིན།  རྩྭ་ཐང་གི་ཉི་མས་རྩྭ་ཐང་གི་བུ་རབས་ཚ་རྒྱུད་དྲོད་ཁོལ་གྱིས་བསྐྱངས་ཤིང་།  ལམ་སྟོན་གྱི་སྒྲོན་མེ་བཞིན་རྗེས་རབས་པའི་སློབ་གསོའི་ལམ་ཁ་ལེགས་པར་ཁྲིད།  ལོ་ཐོག་ལོ་དང་ཟླ་ཐོག་ཟླ་བརྩེགས་ཏེ་བསམ་བློ་རྒྱུན་མི་ཆད་པར་རྣམ་པར་སྨིན་ཞིང་སློབ་གསོའི་ཉམས་ལེན་ཆེན་པོ་བརྒྱུད། ཉི་མའི་སློབ་སྒྲུབ་ཐབས་ལམ་རང་ཤུགས་ཀྱིས་བྱུང་སྟེ།  སྔོན་བྱོན་མཁས་པའི་བློ་གྲོས་གཅིག་ཏུ་བསྡུས་ཏེ་སློབ་གསོའི་བྱ་གཞག་རྒྱུད་འཛིན་མཁན་ལ་ལམ་སྟོན་གྱི་སྒྲོན་མེ་སྤར་ཞིང་།  རྩྭ་ཐང་གི་སློབ་གསོར་རྫོགས་མཐའ་བྲལ་བའི་རིག་ལམ་རྩ་ཆེན་གསོས་སུ་བསྩལ།

     

        བོད་ཡིག་སློབ་འབྲིང་ཚུགས་ཏེ་བགྲང་བྱ་བཞི་བཅུ་ལྷག་འདས། དཀའ་སྤྱད་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་གནང་བ་བརྒྱུད། སྔ་རྗེས་སུ་སི་ཁྲོན་དང་ཀན་སུའུ།  མཚོ་སྔོན།  ནང་སོག  ཞིན་ཅང་།  ཡུན་ནན།  བོད་ལྗོངས་སོགས་ཀྱི་ས་ཁུལ་ལ་ཆེད་ལས་འཇོན་མི10000ལྷག་གསོ་སྐྱོང་གནང་བ་དང་།  ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན།  ལྷོ་ནུབ་མི་རིགས་སློབ་ཆེན།  ནུབ་བྱང་མི་རིགས་སློབ་ཆེན།  མཚོ་སྔོན་དགེ་ཐོན་སློབ་ཆེན།  རྔ་བའི་དགེ་ཐོན་སློབ་གྲྭ་སོགས་སློབ་གྲྭ་ཆེན་མོ་དང་ཆེད་སྦྱོང་སློབ་གྲྭ་ལ་མཐར་ཕྱིན་སློབ་མ་ཚད་ལྡན་འབོར་ཆེན་བསྐྱལ།  སློབ་འབྲིང་འདིའི་ཉི་མའི་སློབ་སྒྲུབ་ཐབས་ལམ་དང་སྐད་གསུམ་སློབ་གསོས།  སྤྱི་ཚོགས་ལ་འཇོན་མི་ཚད་ལྡན་ཡང་དང་ཡང་དུ་གསོ་སྐྱོང་གནང་སྟེ་གཡུར་ཟས་གྲུབ་འབྲས་ཆེན་པོ་བསྐྲུན་ནས།  མི་རིགས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་པས།  སྤྱི་ཚོགས་ཀྱི་གདེང་འཇོག་དང་དགའ་བསུ་ཆེན་པོ་ཐོབ།  སློབ་གྲྭའི་མཚན་སྙན་ཡུལ་གྲུ་ཀུན་ཏུ་ཁྱབ་པས།  དེ་སྔར་ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན།  མཚོ་སྔོན་མི་རིགས་སློབ་ཆེན།  གཙོས་དགེ་ཐོན་ཆེད་སྦྱོང་སློབ་གྲྭ།  དར་མདོ་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་སོགས་ཀྱི་སློབ་གྲྭའི་འགོ་ཁྲིད་ཀྱི་རྟོག་ཞིབ་དང་མཐར་ཕྱིན་སློབ་མའི་དངོས་སྦྱོང་ཐེངས་མང་བོར་བསུས་མྱོང་།  2006ལོར་བོད་ཡིག་སློབ་འབྲིང་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་གསོའི་དངོས་སྦྱོང་རྟེན་གཞིར་བདམས་པ་དང་།  2019ལོར་ནུབ་བྱང་མི་རིགས་སློབ་གླིང་གི་དངོས་སྦྱོང་རྟེན་གཞིར་བདམས་པ། 2021ལོར་པེ་ཅིང་དགེ་ཐོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སྤྱི་ཚོགས་ལག་ལེན་རྟེན་གཞིར་བདམས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1