མཚོ་བྱང་གི་སྤུས་ལེགས་ཐོན་རྫས་གྲགས་ཆེན་ཧྲན་ཏུང་གྲོང་ཁྱེར་དུ་བྲིན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-11


        ཉེ་ཆར། ཧྲན་ཏུང་ཞིང་ཆེན་གྱི2023ལོའི་ཕྱི་ཕྱོགས་ཉོ་ཚོང་གི་ཕུལ་བྱུང་ཐོན་རྫས་འགྲེམས་ཚོགས་ཅི་ནན་ཧྲུན་ཀེང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཛོམས་ཤིང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་སླེབས་པའི་ཕུལ་བྱུང་ཁེ་ལས200ལྷག་ཙམ་ཆོན་ཁྲེང་དུ་འཛོམས་ལ། མཚོ་བྱང་ཁུལ་གྱིས་གདན་ཞུས་ལྟར་མཚོ་བྱང་ཆིང་ཧུའུ་ཡོན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་མཚོ་སྔོན་མདོ་ལ་དབྱི་ཏ་ཕྱུགས་ལས་ཐོན་རྫས་ཤ་རིགས་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་། འཇུ་ལག་ལོག་དཀར་མེ་ཏོག མཚོ་སྔོན་སྐྱེ་ཁམས་འབྱུང་ཁུངས་ཟོག་འགྲེམས་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས13སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ལ་ཞུགས།

        ཐེངས་འདིའི་འགྲེམས་ཚོགས་སྟེང་། མཚོ་བྱང་ཁུལ་གྱིས་དག་གཙང་གི་མཚོ་སྔོན། མཐོ་སྒང་གི་རྫས་མཆོག་ཅེས་པ་བརྗོད་དོན་ཡིན་པའི་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཁང་བཙུགས་ནས་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ནོར་ལུག་གི་ཤ་དང་། ནས་ཀྱི་ཐོན་རྫས། ནོར་གནག་གི་འོ་མའི་ཐོན་རྫས། རང་བྱུང་སྦྲང་རྩི། བདེ་ཐང་ཇ་དང་དེ་བཞིན་སི་སྐུད་ཐང་གའི་སྒྱུ་རྩལ་ཐོན་རྫས་སོགས་ཐོན་རྫས་རིགས100ལྷག་ཙམ་འགྲེམས་སྟོན་བྱས་པར་མ་ཟད། དྲིལ་སྒྲོག་བརྙན་ཐུང་གཏོང་བ་དང་དྲིལ་སྒྲོག་འགྲེམ་ཤོག་བཀྲམ་པ། སྨྱན་སྦྱོར་ཐད་གཏོང་གིས་དངོས་པོ་འཚོང་བ། ཡུལ་དངོས་ནས་འོས་སྦྱོར་བྱེད་པ་བཅས་བརྒྱུད་ནས་འགྲེམས་ཁང་དུ་སླེབས་པའི་འགྲུལ་བ་རྣམ་པར་ཆེས་ཉེ་ས་ནས་མཚོ་བྱང་ཁུལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ལེགས་བཟང་ཆ་མྱོང་རོལ་བྱེད་དུ་བཅུག་པ་དང་། ཟུར་མང་པོ་ནས་མཐོ་སྒང་ནས་ཁྱེར་ཡོང་བའི་ལྗང་མདོག་གི་སྤུས་ལེགས་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སོང་བའི་གྲུབ་འབྲས་མངོན་པར་བྱས་ཤིང་། ཤ་སྐམ་དང་ནས་ཆང་། མཐོ་སྒང་སྦྲང་རྩི། ལོག་དཀར་སྣུམ། ནོར་གནག་གི་འོ་མའི་ཐོན་རྫས་སོགས་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ལ་ཧྲན་ཏུང་ཞིང་ཆེན་གྱི་ཁེ་ལས་དང་། ཕྱི་རྒྱལ་གྱི་ཚོང་པ། འཛད་སྤྱོད་པ་བཅས་ཀྱི་དགའ་བསུ་ཐོབ་ཅིང་གདེང་འཇོག་ཡག་པོ་བྱས།

        འགྲེམས་ཚོགས་སྐབས། མཚོ་སྔོན་སྐྱེ་ཁམས་ཟོག་འགྲེམས་ཚད་ཡོད་སྤྱི་གཉེར་ཁང་དང་མདོ་ལ་དབྱི་ཏ་ཕྱུགས་ལས་ཐོན་སྐྱེད་ཤ་རིགས་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས8ཀྱིས་ཡུན་ཙོ་དང་ཧྭ་ལེན་སོགས་རྒྱལ་ནང་གི་ཚོང་ཁྲོམ་གྲགས་ཅན་གྱི་ཁེ་ལས་དང་གཅིག་གཏད་གཅིག་གིས་གྲོས་མོལ་བྱས་ནས་མ་འོངས་བར་མཉམ་ལས་གཏིང་ཟབ་བྱ་རྒྱུར་རྨང་གཞི་བཏིངས། མཚོ་སྔོན་ཞ་ཧྭ་ཆིན་ཀྲན་ཤ་རིགས་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་གི་ཚོང་གཉེར་བ་གདན་ཞུས་ལྟར་ཧྲན་ཏུང་སྨྱན་སྦྱོར་དུ་ཐད་གཏོང་བཅར་འདྲིའི་བྱེད་སྒོ་སྤེལ་ནས་ཧྲན་ཏུང་སྨྱན་སྦྱོར་གྱི་ལེགས་ཆ་བེད་སྤྱད་དེ་མཚོ་བྱང་གི་སྐམ་ཤ་དང་བོད་ལུག སྦྲང་རྩི། ལོག་དཀར་སྣུམ། ནས་ཀྱི་ཐོན་རྫས་སོགས་སྤུས་ལེགས་ཐོན་རྫས་བརྒྱུད་རིམ་ལྡན་པའི་ངང་འོས་སྦྱོར་དང་དྲིལ་སྒྲོག་བྱས་ཏེ་མཚོ་བྱང་གི་ཕུལ་བྱུང་ཐོན་རྫས་དེ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་ཐོག་སྙན་པ་རྒྱས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས།

        རྗེས་ཕྱོགས་མཚོ་བྱང་ཁུལ་གྱིས་ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱི་བརྩེ་བའི་འབྲེལ་ཟམ་གྱི་ནུས་པ་བེད་སྤྱོད་གང་ལེགས་བྱས་ཏེ་ས་གནས་གཉིས་ཀྱི་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་པ། ཁེ་ལས་ཀྱི་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་བ། ཁེ་ལས་ཀྱི་ཆས་རྟགས་གཏོད་པ་དང་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུའི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་དེ་རང་ས་གནས་གཅིག་པུས་རོལ་མྱོང་བྱེད་པ་ནས་འཛམ་གླིང་མི་བུ་ཀུན་གྱིས་ལོངས་སྤྱོད་བྱེད་པའི་ལམ་བུའི་སྟེང་བསྐྱོད་པར་སྐུལ་འདེད་ཤུགས་ཆེན་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1