ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཚད་གཞི་མཐོ་ལ་སྤུས་ཚད་མཐོན་པོས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་'

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-12


ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཚད་གཞི་མཐོ་ལ་སྤུས་ཚད་མཐོན་པོས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།

གདེང་ཚོད་བརྟན་པོ་དང་། ངེས་ཤུགས་རྒྱུན་འཁྱོངས། རྨང་གཞི་བརྟན་འཁྱོངས། ལས་དོན་སྒྲུབ་མཁས་པ་བཅས་བྱས་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཀྱིས་ཕེབས་རོགས་ཞུས་ནས་རྟོག་ཞིབ་གནང་བ་དང་བཞུགས་མོལ་ཚོགས་འདུར་ཞུགས་པ།


ཟླ་5ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་མ་ཟད། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་པོས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཚེས་10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་པོས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་ཧོ་པེ་ཞུང་ཨན་ཁུལ་གསར་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་མ་ཟད། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་པོས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཞུང་ཨན་ཁུལ་གསར་གཞི་ཁྱོན་ཆེན་པོས་འཛུགས་སྐྲུན་དང་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཀྱི་ཁྲིད་སྟོན་དང་ཁ་འགྲེམས་གལ་ཆེ་མཉམ་དུ་འཛིན་པའི་དུས་མཚམས་སུ་སླེབས་ཡོད་པས། ལས་ཀའི་གཙོ་གནད་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་། ཆུ་ཚད་མཐོ་བའི་དོ་དམ། སྤུས་ཚད་མཐོ་བའི་ཁྲིད་སྟོན་ཁ་འགྲེམས་དང་འཕེལ་རྒྱས་མཉམ་འཛིན་གྱི་ཕྱོགས་སུ་བསྒྱུར་དགོས་ལ། གདེང་ཚོད་བརྟན་པོ་དང་། ངེས་ཤུགས་རྒྱུན་འཁྱོངས། རྨང་གཞི་བརྟན་འཁྱོངས། ལས་དོན་སྒྲུབ་མཁས་པ་བཅས་ཀྱི་སྒོ་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

        ཟླ་5ཚེས་10ཉིན། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཉི་གཡོད་ཧྥུང་དང་ཧྲེང་ཀྲང་ཝང་ཀྲེང་ཕུའུ་ཡི་ཕེབས་རོགས་འོག ཞི་ཅིན་ཕིང་ཞུང་ཨན་ཁུལ་གསར་གྱི་མྱུར་བགྲོད་ལྕགས་ལམ་ས་ཚིགས་དང་། སྡེ་ཁུལ། ཨར་པོའི་ལས་ཡུལ་སོགས་སུ་ཕེབས་ཏེ། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་པོས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

        དེ་ཉིན་སྔ་དྲོ། ཞི་ཅིན་ཕིང་བཞུགས་པའི་མྱུར་བགྲོད་མེ་འཁོར་ཞུང་ཨན་ཁུལ་གསར་དུ་འབྱོར་ཞིང་། དེ་གར་འབྱོར་རྗེས་དང་ཐོག་ཞུང་ཨན་བབས་ཚུགས་ཀྱི་འཛུགས་སྐྲུན་དང་འཁོར་སྐྱོད་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཞུང་ཨན་བབས་ཚུགས་ནི་ཞུང་ཨན་ཁུལ་གསར་དུ་སྐྲུན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་དང་པོ་དེ་ཡིན་པས་མཚོན་རྟགས་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ཞི་ཅིན་ཕིང་གིས་སྔ་རྗེས་སུ་བབས་ཚུགས་དང་། མེ་འཁོར་སྒུག་སའི་ཚོམས་ཆེན། བབས་ཚུགས་ཕྱིའི་ཐང་ཆེན་བཅས་ལ་གཟིགས་ཞིབ་གནང་བ་མ་ཟད། ཞུང་ཨན་བབས་ཚུགས་འཛུགས་སྐྲུན་གཉེར་སྐྱོང་དང་གནས་སའི་ཙན་ཀང་ཡུག་ཁུལ་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་ཞུང་ཨན་བབས་ཚུགས་ནི་ཞུང་ཨན་ཁུལ་གསར་གྱི་འབྲེལ་མཚམས་བབས་ཚུགས་ཤིག་ཡིན་པས། ཞུང་ཨན་བབས་ཚུགས་དང་ཞུང་ཨན་ཁུལ་གསར་འགྲིམ་འགྲུལ་གྱི“ཁྲག་རྩ་ཕྲ་མོ”སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་མཐུད་བྱས་ཏེ་མི་འགྲུལ་དང་ཟོག་འགྲུལ་གཅིག་སྡུད་དང་ཁ་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས། ཙན་ཀང་ཡུག་ཁུལ་མཐོ་གསར་ཐོན་ལས་རྩེ་གྲ་གཅིག་སྡུད་ཁུལ་ལ་བསྐྲུན་ཏེ་ཕྱོགས་ཁག་ནས་ཡོང་བའི་འགྲུལ་པ་ཞུང་ཨན་དུ་འབྱོར་མ་ཐག་ཞུང་ཨན་ཁུལ་གསར་གྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

        དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་རུང་ཏུང་ཡུག་ཁུལ་ནན་ཝུན་ཡིང་སྡེ་ཁུལ་དུ་ཕེབས་ཤིང་། སྡེ་ཁུལ་དེར་ཨན་ཤིན་དང་རུང་ཁྲེང་རྫོང་གཉིས་ཀྱི་མང་ཚོགས་5000ལྷག་ཙམ་སྤོས་ཡོད། ཞི་ཅིན་ཕིང་སྔ་རྗེས་སུ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་སྡེ་ཁུལ་གྱི་ཟ་ཁང་དུ་ཕེབས་ནས་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་། ས་གནས་ས་ཐོག་ཏུ་དོན་དག་སྒྲུབ་མཁན་མང་ཚོགས། ཁ་ལག་ཟ་མཁན་སྡེ་ཁུལ་གྱི་རྒན་རྒོན་སོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། དམངས་ཀྱི་གནས་ཚུལ་གྱི་རྩིས་ཁྲར་ཞིབ་ཚགས་ངང་གཟིགས་པ་དང་འབྲེལ་སྡེ་ཁུལ་དུ་སྤེལ་བའི་དམངས་ཕན་རྒན་གསོའི་ཞབས་ཞུ་སོགས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་ངས་རྒྱུན་དུ་མང་ཚོགས་ཀྱི་གནས་སྤོའི་ལས་དོན་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ཚང་མའི་འཚོ་བ་ཡག་པོ་ཡོད་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ཡག་པོ་བྱེད་པར། གལ་འགངས་ཆེ་ཤོས་ནི་བདེ་སྡོད་དང་ལས་བརྩོན་འབྲེལ་མཐུད་ཡག་པོ་བྱས་ནས་མང་ཚོགས་སྡོད་ཐུབ་པ་དང་། འཚོ་བ་སྐྱིད་པོ་ཡོང་བ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས་ལ། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་འགོ་བཙུགས་མ་ཐག“ཕར་ཆིན་རྒྱག་པའི”འབད་བརྩོན་ལ་བརྟེན་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་དུས་རབས་གསར་པའི་ལས་ཀ་དང་སྡོད་མལ་ལ་འཚམ་པའི“མི་དམངས་ཀྱི་གྲོང་ཁྱེར”སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གནས་སྤོས་གྲོང་མི་ལི་ཅིང་ཧོ་ཡི་ཁྱིམ་དུ་ཕེབས་སྐབས། ལི་ཅིང་ཧོ་ཡིས་སྤྱི་ཁྱབ་ཧྲུའུ་ཅིར། 2021ལོའི་ཟླ་11པར་སྡོད་ཁང་གསར་པར་སྤོས་པ་ཡིན། ད་ཆ་ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་འཚོ་བ་ཡང་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་པོ་འདུག་ཅེས་ཞུས། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་བསྐྲུན་པ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་ཚང་མས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུ་བ་དང་གཞོགས་འདེགས་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ཁྲོད་ན་གཞོན་མི་རབས་ཚོས་གདེང་ཚོད་བརྟན་དུ་གཏོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། ཕ་ཡུལ་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

        ཞལ་གྱེས་ཁར་གྲོང་མི་ཚོས“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང”ཞེས་སྐད་གསང་པོས་དགའ་འབོད་བྱས་པ་དང་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུས་པ་རེད། ཁོང་གིས་བརྩེ་སེམས་ཟབ་མོས་ཚང་མར་ཧོ་པེ་ནི་ང་ལས་ཀ་བྱེད་མྱོང་བའི་ས་ཆ་ཞིག་ཡིན་པས། ངས་ཧོ་པེར་བརྩེ་བ་ཟབ་མོ་འཆང་བཞིན་ཡོད། ཧོ་པེ་ཡག་པོ་བསྐྲུན་རྒྱུ་ནི་ངའི་བསམ་འདུན་ཡིན། ཞུང་ཨན་ཁུལ་གསར་བསྐྲུན་པ་ནི་ལོ་ངོ་སྟོང་གི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པས། ལྷོད་གཡེང་དང་འཚབ་འཚུབ་བྱེད་མི་རུང་ལ། སྒུག་རྟེན་སློང་གསུམ་ཡང་མི་བྱེད་པར། འབད་བརྩོན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།

        ཞུང་ཨན་གྲོང་སྦྲེལ་ས་ཚིགས་ནི་ཞུང་ཨན་ཁུལ་གསར་གྱི་འགོ་ཚུགས་ཁུལ་གྱི་ལྟེ་བའི་གནས་སུ་ཡོད། ཞི་ཅིན་ཕིང་ཞུང་ཨན་གྲོང་སྦྲེལ་ས་ཚིགས་དང་དེ་བཞིན་རྒྱལ་ཁབ་ཚོང་དོན་ལྟེ་གནས་ཀྱི་རྣམ་གྲངས་སྐྲུན་ཡུལ་དུ་ཕེབས་ཏེ་བྱེ་གཞོང་ལ་གཟིགས་པ་དང་། ལས་སྟེགས་སུ་འཛེགས་ནས་ཨར་ལས་བྱ་ཡུལ་ལ་རྒྱང་ལྟ་གནང་ནས་འགོ་ཚུགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་དང་གཙོ་གནད་གསེད་བཀྲོལ་གྱི་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་འགྲིམ་འགྲུལ་ནི་དེང་རབས་གྲོང་ཁྱེར་གྱི་ཁྲག་རྩ་ལྟ་བུ་རེད། ཁྲག་རྩ་བཤངས་ན་གཞི་ནས་གྲོང་ཁྱེར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ། ཕྱོགས་བསྡུས་ཅན་གྱི་འགྲིམ་འགྲུལ་དྲ་བ་བསྐྲུན་པར་ཤུགས་སྣོན་རྒྱག་པ་དང་། ས་འོག་གི་བར་མཐོངས་གང་ལེགས་སྤྱོད་པར་ཤུགས་སྣོན་རྒྱག་པ། “གྲོང་ཁྱེར་གྱི་སྐྱོན་ཆ”མེད་པའི་འབྱུང་འགྱུར་གྱི་གྲོང་ཁྱེར་བསྐྲུན་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚད་གཞི་མཐོ་བའི་གྲོང་ཁྱེར་གྱི་འཆར་གཞི་དེ་སྤུས་ཚད་མཐོ་བའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་དོན་དངོས་ལ་དངོས་འབྲེལ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

        ཕྱི་དྲོ། ཞི་ཅིན་ཕིང་ཞུང་ཨན་འགྲེམས་ཚོགས་ལྟེ་གནས་ཀྱི་ཞུང་ཨན་ཚོམས་ཆེན་དུ་ཕེབས་ནས་བྱེ་གཞོང་དང་བརྙན་ལམ་བརྙན་ཐུང་ཐོག་ནས་ཞུང་ཨན་ཁུལ་གསར་གྱི་སྤྱིའི་འཆར་འགོད་འཛུགས་སྐྲུན་གྱི་འཕེལ་རིམ་ངོ་སྤྲོད་གསན་པ་དང་པའེ་དབྱང་ཏེན་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་། སྲུང་སྐྱོང་། གཙང་གཤོང་། པའེ་ཏེན་འབྲེལ་མཐུད་སོགས་ཀྱི་ལས་ཀའི་འཕེལ་རིམ་སྐོར་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་པའེ་དབྱང་ཏེན་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སྲུང་སྐྱོང་ཐད་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་པ་བྱེད་པར། ངེས་པར་དུ་སྤྱི་འདོམས་ཇུས་འགོད་དང་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

        དེ་རྗེས་ཞི་ཅིན་ཕིང་གིས་ཚོགས་འགྲེམས་ལྟེ་གནས་ཀྱི་ཐོག་སོ་གསུམ་པའི་ནུས་མང་ཚོམས་ཆེན་དུ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་པོས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་དང་ཐེན་ཅིན་སོགས་ས་གནས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཧོ་པེ་ཞིང་ཆེན་གྱིས་བྱེད་པོའི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། ཞུང་ཨན་ཁུལ་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་དང་དོ་དམ་ཨུ་ལྷན་གྱིས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་ནན་ཏན་སྒྲུབ་པ། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ལ་བརྟེན་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱུང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་གསེད་བཀྲོལ་ལ་གྲུབ་འབྲས་ཐོབ་པ། པའེ་དབྱང་ཏེན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ། སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ། ཐོན་ལས་དང་གསར་གཏོད་ཀྱི་གཙོ་རྒྱུ་འདུས་པའི་ཆ་རྐྱེན་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། གནས་སྤོས་བཀོད་སྒྲིག་གི་ལས་དོན་གོ་རིམ་ལྡན་པར་སྤེལ་བ་བཅས་བྱུང་ཡོད། དུས་ཐུང་ལོ་6རིང་། ཞུང་ཨན་ཁུལ་གསར་མེད་པ་ནས་ཡོད་པའི་བར་དང་འཆར་འགོད་ནས་དོན་དངོས་སུ་འགྱུར་བའི་བར་ཆུ་ཚད་མཐོ་བའི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ནི་ངོ་མཚར་ལྡན་པ་ཞིག་རེད་ཅེས་བརྗོད་ཆོག གྲུབ་འབྲས་དེ་དག་ནི་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་ལོ་གསུམ་རིང་གི་ཏོག་གསར་རིམས་ནད་ཀྱི་ཛ་དྲག་དུས་བབ་འོག་ཐོབ་པ་ཞིག་ཡིན་པས་ལས་སླ་པོ་ཞིག་མ་རེད། ཞུང་ཨན་ཁུལ་གསར་བསྐྲུན་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ནི་རྦད་དེ་ཡང་དག་པ་ཞིག་དང་། ཕྱོགས་ཁག་གི་ལས་དོན་ནི་ཏན་ཏིག་དང་ནུས་ལྡན་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཞུང་ཨན་ཁུལ་གསར་བསྐྲུན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པར། ཏང་ཀྲུང་དབྱང་གི་ཐབས་ཇུས་ཀྱི་དངོས་ཡོད་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོར་གོ་བ་གཏིང་ཟབ་ལེན་པ་དང་། ཞུང་ཨན་ཁུལ་གསར་སྐོར་གྱི་ཏང་ཀྲུང་དབྱང་གི་ནུས་པའི་ངེས་གནས་དང་། འགན་འཁྲིའི་ལས་འགན། རྩ་དོན་བླང་བྱ་བཅས་སྟངས་འཛིན་ནན་པོ་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བཅས་བྱས་ཏེ་ཉེ་དུས་ཀྱི་དམིགས་ཚད་དང་དུས་ཡུན་རིང་འབྲིང་གི་དམིགས་ཚད་དང་། གྲོང་ཁྱེར་འཛུགས་སྐྲུན་གྱི་མྱུར་ཚད་དང་མི་འབོར་གཅིག་སྡུད་ཀྱི་གཞི་ཁྱོན། ཐོན་ལས་གཞན་སྒྱུར་དང་ཐོན་ལས་རིམ་སྤོར། སྲིད་གཞུང་དང་ཁྲོམ་ར། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་གསེད་བཀྲོལ་དང་གྲོང་ཁྱེར་རང་ངོས་ཀྱི་འཕེལ་རྒྱས་དང་འབྲེལ་མཐུད། གྲོང་ཁྱེར་འཛུགས་སྐྲུན་དང་མཐའ་འཁོར་གྱི་གྲོང་གསེབ་དར་རྒྱས་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡག་པོ་བྱས་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་གསེད་བཀྲོལ་གྱི་ལས་འགན་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས་ཁག་གཉིས་པར་གསེད་བཀྲོལ་བྱེད་པའི་པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་གི་ཁེ་ལས་སྤྱི་ཁྱབ་པུའུ་དང་དེའི་རིམ་པ་གཉིས་པ་དང་གསུམ་པའི་ཡན་ལག་ཀུང་སིའམ་ཡང་ན་གསར་གཏོད་ལས་སྒོའི་ཁུལ་ཆེན་སོགས་མུ་མཐུད་ཇུས་འགོད་དང་འབྲེལ་དངུལ་རྩའི་སྒྲིག་གཞི་དང་། ཚན་ཞིབ་ཁང་དང་སུའོ། བྱ་གཞག་ཚན་པ་བཅས་ཀྱི་གསེད་བཀྲོལ་གཞན་སྒྱུར་ཇུས་འགོད་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བྱེད་ཐབས་དང་མ་འོངས་སྔོན་མཐོང་རང་བཞིན་གྱི་གསར་གཏོད་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ཞུང་ཨན་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་བྱེད་ནུས་གསར་པ་སྐྲུན་པ་དང་། གཟུགས་བརྙན་གསར་པ་གཏོད་པ། ཐོན་ལས་གསར་པ་འཕེལ་རྒྱས། ཤེས་ལྡན་མི་སྣ་གསར་པ་གཅིག་སྡུད། ལམ་སྲོལ་གསར་པ་འཛུགས་པ་བཅས་ཧུར་ཐག་བྱས་ཏེ་ཞུང་ཨན་ཁུལ་གསར་དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་ལས་གཏོད་བྱ་ཡུལ་འཁྲུག་ཆ་དོད་ཤོས་སུ་འགྱུར་བ་བྱེད་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། ཞུང་ཨན་ཁུལ་གསར་གྱི་འགོ་ཁྲིད་སྒྲིག་སྲོལ་དང་དོ་དམ་ལམ་སྲོལ་བཟང་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ་དུས་མཚམས་དབྱེ་བ་དང་། གོ་རིམ་དབྱེ་བ། བརྟན་ལ་གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཁུལ་གསར་འདི་ཉིད་གྲོང་ཁྱེར་དོ་དམ་སྒྲིག་སྲོལ་ལ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁུལ་གསར་གྱི་རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཁུལ་གསར་གྱི་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་། གསར་གཏོད་བྱེད་ཕོད་པ། བྱས་རྗེས་འཇོག་མཁས་པ་བཅས་ལ་སྐུལ་ལྕག་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་ཀྱིས་ཞུང་ཨན་ཁུལ་གསར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཁྲོད་ནས་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དང་སྐྱིད་སྣང་ཚོར་ཐུབ་པ་བྱེད་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། ཞུང་ཨན་ཁུལ་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ནན་ཏན་སྤེལ་བ་དང་ཆབས་ཅིག དེ་ཉིད་གོ་སྐབས་སུ་བཟུང་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་བསམ་བློར་བཅིངས་འགྲོལ་ཆེན་པོ་ཡོང་བ་དང་། འཇོན་ཐང་ཆེ་རུ་འགྲོ་བ། སྤྱོད་ཚུལ་ལ་འགྱུར་ལྡོག་ཆེན་པོ་ཡོང་བ། ལས་དོན་དོན་འཁྱོལ་ཤུགས་ཆེན་ཐུབ་པ་བཅས་ལ་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། “སྤྱོད་ཚུལ་བཞིའི”གནད་དོན་མུ་མཐུད་ཡོ་བསྲང་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ“སྤྱོད་གཙང་གི་ཞུང་ཨན”ལ་བརྟེན་ནས“ཞུང་ཨན་གྱི་སྤུས་ཚད”འགན་ལེན་བྱེད་དགོས།

ཟླ་5ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་མ་ཟད། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་པོས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་རུང་ཏུང་ཡུག་ཁུལ་ནན་ཝུན་ཡིང་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས། སྡེ་ཁུལ་གྱི་གྲོང་མིར་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1