ཕུ་བོ་དང་ངེད་གཉིས་ཀྱིས་ས་འདིའི་གསར་བུ་ལོ་ཆུང་ཚོ་དང་འདྲ་བར་སྲང་དཀྱིལ་གྱི་ལམ་འགྲམ་དུ་རླངས་འཁོར་བསྡད་དེ། བརྒྱ་ཡར་འགྲོ་དང་སྟོང་མར་འགྲོ་གླེང་གཞི་རུ་བྱས་ནས་སྲང་ན་ཡོད་པའི་རླངས་འཁོར་རྣམས་ཀྱི་བཟང་ངན་དང་མོ་གསར་དག་གི་ཡག་བཙོག་ལབ་ནས་བསྡད། ཏག་ཏག་སྐབས་དེར་མར་འགྲོའི་ལམ་ནང་དུ་རླངས་འཁོར་ཡར་འགྲོ་ཞིག་ཡོང་གིན་འདུག རླངས་འཁོར་དེ་ནི་གཡག་མགོ་རྟགས་ཅན་ཞིག་ཡིན་ལ། མདོག་དང་བོངས་ཚད་གང་ཅིའི་ཐད་ནས་བལྟས་ཀྱང་རླངས་འཁོར་ཚང་མ་ཕྱུགས་རིགས་ཡིན་པའི་དབང་དུ་བཏང་ན་རླངས་འཁོར་དེ་ནི་དངོས་ནས་ཤ་ཤེད་རྒྱས་པའི་གཡག་སྐམ་ཞིག་མ་རེད་སུས་ཀྱང་ཟེར་མི་ཕོད། དེ་བཞིན་དུ་རླངས་འཁོར་གཞན་དག་ནི་ལུག་དང་ར་མ། ཕག་དང་། བྱ་ཕོ་སོགས་ཀྱི་དཔེ་ལས་འོས་མེད།
གན་ནི་རྫོང་འདིས་རིན་གོང་ཆེས་ཆེ་བའི་རླངས་འཁོར་གཅིག་པུ་སྟེ། སྒོར་ཁྲི100ལྷག་རེད་ཕུ་བོས་ང་ལ་མཚམས་སྦྱོར་བྱེད་འགོ་བརྩམས་བྱུང་།
རླངས་འཁོར་དེ་དལ་གྱིས་ཉེ་སར་བཅར་བ་དང་མཉམ་དུ་ངའི་མིག་ལ་ལྷག་པར་མངོན་པ་ནི་རླངས་འཁོར་གྱི་སྣ་མགོར་བཏགས་པའི་ཨང་རྟགས་དེ་རེད །
29999་ཕུ་བོས་ཧ་ཅང་ཡིད་སྨོན་སྐྱེས་པའི་ངང་ནས་ཨང་རྟགས་དེ་དང་རླངས་འཁོར་གཉིས་ཇི་འདྲའི་ཆ་འགྲིག་ཅིག་རེད་ཨང་། ཞེས་བཤད།
ངས་ཅི་མི་སྙམ་པའི་ཚུལ་གྱིས་འབུ་བདག་ཞིག་གི་ཡིན་པ་ཁོ་ཐག་རེད། ཅེས་བཤད་མ་ཐག་ཕུ་བོ་གློ་བུར་དུ་ཁྲོས་བྱུང་།
ཁྱོས་ཅི་ཤེས། སེང་འབྲུག་དགོན་པའི་སྤྲུལ་སྐུ་སྣང་མཐའ་ཚང་གི་རླངས་འཁོར་རེད། དེ་ཡིན་ནའང་འབུ་བདག་རེད། ཁོའི་དཀར་ཐིག་གི་ཡོང་ཁུངས་ས་འདིའི་འབུ་བདག་ཚོ་རེད། དེ་ན་ཁོ་བདག་པོའི་ནང་གི་བདག་པོ་མ་ཡིན་ནམ།
ཧིན་ཕུ་བོ་ཡང་ཁ་གྲགས་རྒྱུ་མེད་པར་གྱུར་སོང་།
ངེད་སྤུན་གཉིས་ཕྱི་ཚུལ་ནས་བལྟས་ན་ཅུང་འདྲ་ཡང་། གཤིས་ཀ་མི་མཐུན་པས་རྒྱུན་དུ་ཁ་རྩོད་བྱེད་ངེས། ཆུང་དུས་སྐབས་རེར་ལྟ་བ་མ་མཐུན་ཚེ་ངས་ཁོ་རང་ཕུ་བོའི་ཚད་དུ་མི་འཇོག་པ་དང་། ཁོས་ཀྱང་ང་ནུ་བོའི་ཚད་དུ་མི་འཇོག་པར་ཁ་འཐབ་ལག་འཛིང་བྱས་པ་ཡིན། ང་ལ་ཁ་གསོན་པོ་ཞིག་ཡོད་པས་རྒྱུན་དུ་ཁོ་རང་གྲགས་རྒྱུ་མེད་པར་བཟོས་འགྲོ་ལ། ཁོ་ལ་ཁུ་ཚུར་རྒོད་པོ་ཞིག་ཡོད་པས་ཁོས་ཀྱང་གུ་ཡངས་གཏོང་ག་ལ་སྲིད། ཁ་རྩོད་བྱས་ཏེ་ཕམ་ན་ཁོས་ང་ལ་གཅར་རྡུང་ཡིད་ཚིམས་པ་ཞིག་བྱས་ཏེ་། རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེ་ཟེར་བཞིན་བུད་འགྲོ། ཡིན་ཡང་ད་ལྟ་ངེད་གཉིས་ཀྱང་ནར་སོན་པས་ཁོས་ང་ལ་ལག་འགུལ་མི་སྲིད། གསལ་བཤད་བྱ་རྒྱུ་ཞིག་ལ་ཕུ་བོ་སློབ་གྲྭ་ནས་ཕྱིར་མ་ཕུད་གོང་དུ་ངས་མི་གཞན་གྱི་ཁུ་ཚུར་གཅིག་ཀྱང་ཉོ་མ་མྱོངས་པ་ནི་ཁོའི་ཁུ་ཚུར་རྒོད་པོ་དེའི་དྲིན་ཡིན་ཞེས་བཤད་ན་མི་ཆོག་པ་མེད། འོན་ཀྱང་ཁུ་ཚུར་རྒོད་པོ་དེས་སློབ་སྦྱོང་ལ་ཤིན་ཏུ་བཟང་བའི་ཁོའི་སློབ་གྲྭ་འགྲིམ་པའི་བསྐལ་བ་ཡང་ཕྲོགས་སོང་།
རླངས་འཁོར་དལ་གྱིས་ཚུར་སླེབས་པ་དང་ཕྱི་གསལ་ནང་གསལ་གྱི་སྒེའུ་ཁུང་ལས་མཐོང་ཐུབ་པ་ནི། གདོང་ལ་ཤེལ་མིག་བཞག་ཅིང་སྟོད་ཐུང་སེར་པོ་གྱོན་པའི་གཞོན་ནུ་ཞིག་གིས་རླངས་འཁོར་ལ་ཁ་ལོ་བྱེད་ཞོར། འགྲམ་གྱི་ལང་ཚོ་དར་ལ་བབས་པའི་གཞོན་ནུ་མ་དེར་རྩེ་མཚར་ཀུ་རེ་བྱེད་པའི་ཉམས་སྣ་ཚོགས་ཅིག་སྟོན་གྱིན་འདུག
སྤྲུལ་སྐུ་སྣང་མཐའ་ཟེར་བ་ཁོ་ཡིན་ནམ། དེ་ན་འགྲམ་གྱི་མཛེས་མ་དེ་ཁོའི་ཆུང་མ་ཡིན་ལས་ཆེ། ཨ་་་་་་། མཛེས་མ་དག་འདི་ལྟར་བླ་མ་དཔོན་པོ་ཚོ་དང་རྒྱུ་ཆེན་དབང་ཆེན་ཚོས་བདམས་སོང་ན་ཁྱོད་དང་ང་ལྟ་བུར་ཅི་ཡང་ལྷག་མི་སྲིད། ངས་ལེ་བདའ་དང་འཁང་རའི་ཚུལ་གྱིས་དེ་ལྟར་བཤད།
ཕུ་བོས་མ་རེངས་པའི་རྣམ་འགྱུར་གྱིས་ཧིན། ཞེ་ས་ཞིག་བཀོལ་མི་ཤེས་སམ། ཡང་གཅིག་བཤད་ན་བླ་མའི་རིག་སྨ་བཞེས་པ་སོགས་ཀྱི་མཛད་པ་འཕྲིན་ལས་མང་པོ་ཞིག་ང་ཚོ་སོ་སྐྱེས་ཕལ་བ་ཞིག་གིས་ཅི་ལ་རྟོགས། ཡིན་ཡང་དེང་སྐབས་ཁྱོད་ཚོ་སློབ་གྲྭ་ཆེན་མོ་བ་ཚོས་བརྡ་སྤྲོད་དང་སྙན་ངག་ཙམ་སྦྱངས་ནས་རྩོམ་ཆོག་རེ་འབྲི་ཤེས་ཚེ། མ་ཤེས་ཤེས་ཁུལ་གྱིས་ཕྱིར་ཆོས་ལུགས་ལ་དགག་པ་རྒྱག་པའམ་དོགས་སློང་གི་གཏམ་མི་ཉུང་བ་ཞིག་བཤད་ཁུལ་བྱེད། ཁྱོད་ཚོས་ཆོས་ལུགས་ཀྱི་ཕྱོགས་ནས་ག་ཚོད་ཤེས། སྐྱབས་འགྲོའི་ནང་དོན་ཨེ་ཤེས། མ་ཎིའི་ཕན་ཡོན་ཨེ་ཤེས།
སྐབས་དེར་ངས་ང་ཚོའི་སློབ་གྲྭའི་སློབ་མ་ཚོས་དེ་འདྲ་བྱེད་མི་སྲིད། ལྷག་པར་དུ་ང་རང་གིས་དགག་པ་བརྒྱབ་མ་མྱོང་ཞེས་དཀར་འདོན་ཞིག་བྱེད་བསམ་མོད། སླར་ཡང་སེམས་སུ་སློབ་གྲྭ་ཆེན་མོ་བའི་ལ་རྒྱའམ་ཁོའི་སྐད་ཆའི་བདེན་ཞད་དམ་གང་ཞིག་གིས་མར་མནན་ཏེ་ངག་ལས་མ་འཁྲོལ་བས་རང་གི་མགོ་ལ་འཕྲུག་ཙམ་བྱས།
གཡག་མགོ་རྟགས་ཅན་གྱི་རླངས་འཁོར་དེ་ངེད་གཉིས་གྱི་འགྲམ་ཐད་ནས་རྒྱབ་ཕྱོགས་སུ་བཞུད།
ཕུ་བོས་ང་རང་ཁ་གྲགས་རྒྱུ་མེད་པ་མཐོང་ནས་ལྷག་པར་དུ་ངར་ཤུགས་རྒྱས་ཏེ་འདུག་སྟེགས་ལས་གསེག་འདུག་ཅིག་བྱས་རྗེས་ཐམས་ཅད་རྟོགས་ཡོད་པའི་རྒད་པོ་ཞིག་དང་མཚུངས་པར་དེང་རབས་ཀྱི་སློབ་ཆེན་སློབ་མ་འདི་ཚོས་ཆོས་ལུགས་མི་ཤེས་ན་མ་ཤེས་པའི་ཚུལ་གྱིས་མི་འདུག་པར། ཆོས་ལུགས་ལས་ཚན་རིག་གིས་འགྲེལ་རྒྱག་མི་ཐུབ་པ་འགའ་བསྟན་ནས་རྨོངས་དད་རེད་ཟེར། ཚན་རིག་གིས་འགྲེལ་རྒྱག་རྒྱུ་མེད་པ་ཐམས་ཅད་རྨོངས་དད་ཡིན་པའི་ཁྱབ་སམ། དེ་ན་ཡོད་ཚད་ཚན་རིག་ལ་སྐྱབས་བཅོལ་བ་དེའང་མ་གཞི་ནས་རྨོངས་དད་ཅིག་མ་རེད་དམ། ཡང་གཅིག་བཤད་ན་སྐད་ཆ་བཤད་ནས་འཚམ་འདིར་སླེབས་མ་ཐག་རྒྱབ་ཕྱོགས་ནས་ཁྲོག་སྒྲ་རྣ་བར་གཟན་པ་ཞིག་གྲགས་པ་དང་དེར་མཐུད་སྦག་སྦག་འཁོར་ལོ་ཞིག་གི་སྒྲ་ཇེ་གསལ་དུ་གྱུར་ཏེ་ཤུགས་ཆེར་གྲགས་པས་ཕུ་བོའི་སྐད་ཆའི་བཤད་མཚམས་ཀྱང་བཅད། གང་ལྟར་རྒྱབ་ཕྱོགས་ནས་མཆེད་འོངས་པའི་སྒྲ་དེས་ང་ལ་རོགས་ཆེན་པོ་ཞིག་བྱས་ཡོད་ཀྱང་སྲིད་དེ། རྒྱུ་མཚན་ནི་ཐེངས་འདིར་ཁོས་བཤད་པ་ཚང་མ་གནས་ལུགས་ཡོད་པ་འདྲ་བས་མུ་མཐུད་དུ་བཤད་ན་དངོས་གནས་ང་ལ་ཁ་གྲགས་རྒྱུ་མེད་པར་བཟོ་ཉེན་ཆེ།
ངེད་གཉིས་མྱུར་དུ་རླངས་འཁོར་ལས་མར་བབས་ཏེ་རྒྱབ་ཕྱོགས་སུ་བརྒྱུགས་ནས་བལྟས་པ་ན། ལམ་གྱི་གཡས་འགྲམ་དུ་སྦག་སྦག་འཁོར་ལོ་ཞིག་འཕྲེད་གྱིས་ལོག་འདུག་ལ་རྣ་བར་ཟུག་པའི་སྒྲ་དེ་ད་དུང་གྲགས་ཀྱིན་འདུག དེ་ལས་ཕར་གོམས་པ་བཞི་ལྷག་གི་མཚམས་ན་མི་ཞིག་ཁ་སྦུབས་ཀྱིས་འགྱེད་འདུག་ཅིང་རྒྱབ་ཏུ་དངོས་པོའམ་ཅི་ཞིག་ཁུར་ཡོད་པ་འདྲ། ངེད་གཉིས་ཀྱིས་སྦག་སྦག་འཁོར་ལོའི་གློག་སྒོ་རྒྱག་ཙམ་བྱས་རྗེས་མགྱོགས་པོར་མི་དེའི་གམ་དུ་སོང་བ་ན། ཨ་ཙི། མི་དེས་མདོག་ནག་པོའི་ཚ་རུ་རྙིང་ཧྲུལ་ཞིག་གྱོན་འདུག་ཅིང་། རྒྱབ་ཏུ་བྱིས་པ་ལོ་གཉིས་གསུམ་ཙམ་ཞིག་སྐ་རགས་ཚི་དྲེག་ཅན་ཞིག་གིས་དམ་པོར་བསྡམས་འདུག་པ་སོགས་ལ་བལྟས་ན་ཕ་བུ་གཉིས་ཡིན་པ་འདྲ། མི་དེ་འགུལ་ཡང་མི་ཐུབ་པར་ཁ་སྣ་ནས་ཁྲག་འཛག་གིན་འདུག་ཅིང་བྱིས་པ་དེས་ཚིག་འབྲུ་མི་གསལ་བའི་སྐད་ཆ་ཞིག་ལབ་བཞིན་ཅི་མི་སྙམ་པའི་ཚུལ་གྱིས་ཨ་ཕའི་རྒྱབ་ལ་ལག་པའི་རྡེབ་རྡེབ་བྱེད།
ཕུ་བོས་མྱུར་དུ་རུམ་ནས་ལག་འཁྱེར་ཁ་པར་བླངས་ཏེ་སུ་ཞིག་ལ་ཁ་པར་གཏོང་འགོ་བརྩམས་ཤིང་། ངས་ཀྱང་མི་དེའི་རྒྱབ་ཀྱི་བྱིས་པ་ལེན་ཞོར་མགོ་བོ་ཡར་དགྱེ་ནས་བལྟས་པ་ན། གཞུང་ལམ་གྱི་ལམ་དཀྱིལ་དུ་གཡག་མགོ་རྟགས་ཅན་གྱི་རླངས་འཁོར་དེ་གཟི་ཉམས་ཀྱིས་འགྱིང་འདུག་ལ། སྟོད་ཐུང་སེར་བོ་གོན་པའི་མི་དེ་གདོང་མདོག་སྐྱ་བོར་གྱུར་ནས་ཧ་ལས་ཤིང་ཧང་སངས་བའི་ཉམས་གྱིས་ཚུར་བརྒྱུགས་ཡོང་།
ཉེན་རྟོག་ཅུའུ་དང་སྨན་ཁང་གི་རླངས་འཁོར་རྣམས་གློག་འོད་དམར་ཆེམ་ཆེམ་སླེབས་བྱུང་། གདོང་ལ་མིག་ཤེལ་གྱོན་པའི་སྨན་པ་ཞིག་གིས་ས་ལ་འགྱེལ་བའི་མི་དེར་རག་ཙམ་བྱས་རྗེས་རེ་བ་མེད་པའི་བརྡ་ལ་མགོ་བོ་གཡུག་གཡུག་ཙམ་བྱས་ཤིང་། དེ་མ་ཐག་སྨན་པ་གཞན་འགས་བེམ་པོ་ལྟེབས་ཁུག་ཏུ་བཞག་ནས་རླངས་འཁོར་དུ་ཁྱེར། བྱིས་པ་དེས་ཀྱང་ཅི་ཞིག་ཤེས་སོང་བ་ལྟར་ཨག་རྒྱངས་བྱས་པ་ན། བུད་མེད་ཉེན་རྟོག་པ་ཞིག་མྱུར་མོར་ངའི་གམ་དུ་ཡོང་ནས་ཇི་འདྲའི་བྱིས་པ་ལས་ངན་ཞིག་རེད། ཕལ་ཆེར་ལྟོགས་དྲགས་པ་འདྲ
་ཟེར་བཞིན་ངའི་ལག་གི་བྱིས་པ་ཕར་བླངས། ཉེན་རྟོག་པ་གཞན་འགས་དོན་རྐྱེན་བྱུང་ས་དེར་པར་མང་པོ་ཞིག་བརྒྱབ་རྗེས་སྤྲུལ་སྐུ་སྣང་མཐའ་ཁྲིད་ནས་མཉམ་ཏུ་རླངས་འཁོར་ཏུ་བུད།
ཉེན་རྟོག་ཅུའུ་དང་སྨན་ཁང་གི་རླངས་འཁོར་རྣམས་གློག་འོད་དམར་ཆེམ་ཆེམ་བཞུད་སོང་། ངས་སེམས་སུ་འདི་ཡང་སོ་སྐྱེས་ཕལ་བས་རྟོགས་མི་ཐུབ་པའི་བླ་མའི་མཛད་པ་ཡིན་ནམ་སྙམ་བཞིན་ཕུ་བོ་དང་མཉམ་དུ་ཁྱིམ་ལ་ལོག