༄༅། །ནད་འདིའི་གཏན་འཁེལ་ནད་དཔེ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 05-16


མཉམ་འཇོག་གྱིས་ཤིག ནད་འདིའི་གཏན་འཁེལ་ནད་དཔེ་བྱུང་ཡོད་པ་དང་། འབུ་འདི་ལ་འབྲེལ་བ་འདུག


        ཉེ་སྔོན། ཧྲེན་ཀྲེན་སློབ་ཆེན་སྤྱི་ཁྱབ་སྨན་ཁང་ནས་མཐོང་དཀོན་པའི་ཚ་ནག་ནད(黑热病)ཀྱི་ནད་དཔེ་ཞིག་གཏན་འཁེལ་བྱུང་བ་རེད། ཚ་ནག་ནད་ཅེས་པ་ཅི་ཡིན་པ་དང་། དེ་ཉིད་ཇི་ལྟར་མཆེད་པ་ཡིན་ནམ། དེ་ལ་འགོག་ཟོན་ཇི་ལྟར་བྱེད་དམ་ཞེ་ན། དེ་རིང་། ང་ཚོས་མཉམ་དུ་ཚ་ནག་ནད་ཅེས་པ་ལ་རྒྱུས་ལོན་ཞིག་བྱེད།

པར་རིས་ཀོང་ཀྲོའུ་ཉིན་རེའི་ཚགས་པར་ལས་དྲངས།

གཅིག ཚ་ནག་ནད་ཅེས་པ་ཅི་ཡིན་ནམ།

        ཚ་ནག་ནད་ཀྱི་མིང་གཞན་ལ་ལེ་ཧྲི་མན་ནད(利什曼病 leishmaniasis)ཅེས་ཀྱང་ཟེར་ཞིང་། དེའི་ནད་གཞི(病原体)ནི་ནང་ཁྲོལ་ལ་དགའ་བའི་ལེ་ཧྲི་མན་ནད་སྲིན(利什曼原虫)གྱི་རིགས་འགའ་ཡིན། ནད་སྲིན་ནི་གཙོ་བོ་ནད་པའི་ལུས་ཀྱི་ཁྱུར་མུད་ཕྲ་ཕུང(巨噬细胞)ནང་དུ་འཚོ་བ་དང་། འབུ་སྲིན་པའེ་ལིང(昆虫白蛉)གིས་འགོས་ཁྱབ་ཀྱི་བར་སྦྲེལ(媒介)བྱེད་བཞིན་ཡོད། ནད་ཐོག་མངོན་ཚུལ་གཙོ་བོ་ནི་དུས་ཡུན་རིང་ཞིང་ཆོས་ཉིད་མེད་པའི་ཚ་བ་རྒྱས་པ་དང་མཚེར་པ་སྐྲངས་པ། ཟུངས་ཁྲག་ཉམས་པ། ཤ་རིད་པ། ཁྲག་རིལ་དཀར་པོ(白细胞)ཇེ་ཉུང་ལ་འགྲོ་བ། དྭངས་ཁྲག་ཟླུམ་པོའི་སྤྲི་དཀར(血清球蛋白)ཇེ་མང་ལ་འགྲོ་བ་བཅས་ཡིན།

གཉིས། ཚ་ནག་ནད་ཀྱི་འགོས་ཁུངས་ཅི་ཡིན་ནམ།

        ཚ་ནག་ནད་ཀྱི་འགོས་ཁུངས་ནི་ནད་པ་དང་ཁྱི་གཉིས་ཀ་ཡིན་ཞིང་། ཁྱིའི་ནང་ཁྲོལ་གྱི་ལེ་ཧྲི་མན་ནད་ནི་ཁྱིའི་ལེ་ཧྲིན་མན་ནད་སྲིན་གྱིས་བསྐྱེད་པ་ཡིན། རྒྱལ་ནང་གི་ཞིབ་འཇུག་ལ་གཞིགས་ན། ཁྱིའི་ནང་ཁྲོལ་གྱི་ལེ་ཧྲི་མན་ནད་དང་མིའི་ཚ་ནག་ནད་ཀྱི་ཁྱབ་ཚུལ་ནི་ས་ཆ་མང་པོ་རུ་འདྲ་མཚུངས་ཡིན་པ་རེད།

གསུམ། ཚ་ནག་ནད་ཀྱི་ཁྱབ་ལམ་ཅི་འདྲ་ཡིན་ནམ།

        ཚ་ནག་ནད་ཀྱི་ཁྱབ་ལམ་ནི་འབུ་སྲིན་པའེ་ལིང་འདི་འགོས་ཁྱབ་ཀྱི་བར་སྦྲེལ་བྱེད་པ་བརྒྱུད་ནས་མཆེད་པ་ཡིན།

བཞི། ཚ་ནག་ནད་མཆེད་པ་ལ་ཁྱད་ཆོས་ཅི་ཡོད་དམ།

        ཚ་ནག་ནད་འདི་རང་རྒྱལ་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་ཏུ་ཐར་ཐོར་ངང་མཆེད་པའི་རྣམ་པ་ལྟར་ཡོད་ཅིང་། གཙོ་བོ་ནི་གྲོང་སྡེ་རུ་མང་བ་ཡིན།

པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།

ལྔ། ཚ་ནག་ནད་ཀྱི་ནད་ཐོག་མངོན་ཚུལ་ཅི་འདྲ་ཡིན་ནམ།

        ཚ་ནག་ནད་ཀྱི་བག་ཉལ་སྐབས(潜伏期)ནི་སྤྱིར་བཏང་དུ་ཟླ3ནས6གི་བར་ཡིན་པ་དང་། ཆེས་ཐུང་བ་ལ་ཉིན10ཡས་མས་མ་གཏོགས་མེད་ཅིང་། ཆེས་རིང་བ་ལ་ལོ9ཙམ་ཡང་འགོར་བ་ཡིན། ནད་རྟགས་གཙོ་བོ་ལ་ཚ་བ་རྒྱས་པ་དང་། ཟུངས་ཁྲག་ཉམས་པ། མཆིན་པ་དང་མཚེར་པ་མདུན་སྐྱོད་རང་བཞིན(进行性)ངང་སྐྲངས་པ། རྨེན་མདུད་སྐྲངས་པ། སྣ་ཁྲག་དོན་པ། སོ་ཁྲག་ཡོང་བ་བཅས་ཡོད།

དྲུག ཚ་ནག་ནད་ལ་ནད་གཞི་བརྟག་དཔྱད་ཇི་ལྟར་བྱེད་དམ།

        ཚ་ནག་ནད་ཀྱི་འགོས་ཁྱབ་ཁུལ་དུ་ཡོད་པའི་སྡོད་དམངས་སམ་ཡང་ན་འབུ་སྲིན་པའེ་ལིང་མང་བའི་དུས་སུ་འགོས་ཁྱབ་ཁུལ་དུ་བསྡད་མྱོང་བའི་མི་ལ། དུས་ཡུན་རིང་ཞིང་ཆོས་ཉིད་མེད་པའི་ཚ་བ་རྒྱས་པ་དང་། མཚེར་པ་མདུན་སྐྱོད་རང་བཞིན་ངང་སྐྲངས་པ་སོགས་བྱུང་ན། ངེས་པར་དུ་ནད་གདོད་རིག་པའི་ཞིབ་བཤེར(病原学检查)བྱ་དགོས།

བདུན། ཚ་ནག་ནད་ལ་འགོག་ཟོན་ཇི་ལྟར་བྱེད་དམ།

        ཀ ཚ་ནག་ནད་ཀྱི་འགོས་ཁྱབ་ཁུལ་དུ་ཉལ་དུས་མལ་ཡོལ(蚊帐)བརྒྱབ་ན། དུག་སྦྲང་དང་འབུ་སྲིན་པའེ་ལིང་གིས་ལུས་པོ་ལ་སོ་འདེབས་མི་ཐུབ། ད་དུང་ཕྱི་རོལ་ཡུལ་ནས་ཞག་འདུག་མི་བྱེད་པ་དང་། ཁང་བའི་སྒེའུ་ཁུང་སོགས་ལ་སེང་ཁྲ(纱窗)བརྒྱག་དགོས།

        ཁ། མཚན་མོའི་སྐབས་སུ་བྱེ་ཐང་སོགས་ནས་ལས་གཉེར་བྱེད་པའི་མི་ཡིས་ལྭ་བས་མི་ཁེབས་པའི་སྐྱི་མོའི་གནས་སུ་འབུ་འགོག་སྨན་བྱུགས་ནས་འབུ་སྲིན་པའེ་ལིང་སོགས་ཀྱིས་སོ་འདེབས་མི་ཐུབ་པར་བྱ་དགོས།

        ག ཚ་ནག་ནད་ཀྱི་འགོས་ཁྱབ་ཁུལ་དུ་བསྐྱོད་པའི་སྡོད་དམངས་ཀྱིས་རང་ཉིད་ཀྱི་འགོག་སྲུང་བྱ་བ་ལ་མཉམ་འཇོག་བྱ་དགོས་པ་དང་། གལ་ཏེ། ཚ་བ་རྒྱས་པ་སོགས་བྱུང་ཚེ། དུས་ཐོག་ཏུ་ཚད་ལྡན་སྨན་ཁང་ལ་ཕྱིན་ཏེ་བརྟག་དཔྱད་དང་སྨན་བཅོས་བྱ་དགོས།


རྩོམ་ཡིག་སྔོན་མ།
༄༅།།དམངས་ཁྲོད་རྩོམ་ཡིག
རྩོམ་ཡིག་རྗེས་མ།
༄༅། །ང་ཡི་ཨ་ཕྱི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1