རིག་རྡོ། དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལག་ཤེས་པ་ནས་རིག་གནས་བརྒྱུད་སྒྲོག་པར་གྱུར་པའི་བརྒྱུད་རིམ།
ཁྲེང་ཏུའུ་བོད་མིའི་ཁྲོམ་དུ་འབྱམས་ཀླས་པའི་ཕུགས་བསམ་གྱི་ནམ་མཁའ་ལ་ལང་ཚོའི་རི་མོ་འབྲི་མཁན་གྱི་མཚོ་བོད་མཐོ་སྒང་ནས་ཐོན་པའི་བོད་རིགས་ལག་ཤེས་བཟོ་པ་མང་པོ་ཡོད་པ་དང་། དུས་ཚོད་ཀྱི་སོ་ཁ་ན་ཁོ་ཚོས་ལྕགས་རིགས་སྣ་ཚོགས་ལ་བླ་མེད་ཀྱི་རྣམ་ཤེས་སྦྲུམ་དུ་བཅུག་ཅིང་། མི་རིགས་རིག་གནས་ཀྱི་ཚན་ཁ་མ་ཡལ་ཞིང་ས་ཁོངས་ཡུལ་སྲོལ་གྱི་ཁྱད་གཤིས་མ་དོར་བའི་བོད་བརྒྱུད་ནང་བསྟན་གྱི་ལྡེར་བཟོ་མང་པོ་གསར་གཏོད་བྱས། གདོང་ཚ་རིག་རྡོ་ནི་ཕུགས་བསམ་མངོན་འགྱུར་གྱི་ལས་ལ་བྲེལ་བཞིན་པའི་ལག་ཤེས་པ་དེ་དག་གི་གྲས་ཀྱི་གཅིག་ཡིན་ནོ། །
ལག་ཤེས་པ་རིག་རྡོ།
རྒྱུན་འཛིན། ཁྱིམ་རྒྱུད་ཀྱི་ལི་ཁྲའི་བཟོ་རྩལ་གྱི་འཕེལ་ལམ་གསར་པ་གཏོད་པ།
ཞོགས་པའི་དུས་ཚོད་བརྒྱད་པའི་སྟེང་། རིག་རྡོ་རང་ཁྱིམ་དང་ཁ་བྲལ་ནས་ཁོའི་ལས་སྒྲུབ་ཁང(འགྲེམ་སྟོན་ཁང)ལ་ཐོན་ནས་ཉིན་གཅིག་གི་བྱ་བར་དབུ་ཁྱུད་བྲིས། ལི་བཞུ་བ་དང་འདྲ་གཅོད། འཇམ་བརྡར། འོད་འདོན་སོགས་ཚགས་ཞིབ་པའི་འདྲ་སྐུ་བརྡུང་བཟོ་ལས་མཆེད་པའི་སྒྲ་རྣ་བའི་བུ་གར་བརྒྱུད་ཅིང་། རིག་རྡོའི་ལག་ཏུ་ཐོགས་པའི་ཐོ་བ་ཆུང་ཆུང་དེ་ནི་ཉ་མོ་ཆུ་ནང་དུ་འཁྱུག་པ་བཞིན་བྱང་ཆ་ལྡན་པར་དབྱིབས་དང་ཆེ་ཆུང་མི་འདྲ་བའི་ལི་མའི་སྟེང་བརྡུངས་ཤིང་། རིམ་བཞིན་མཛེས་སྡུག་ཡིད་དུ་འོང་བའི་སྐུ་འདྲ་ཞིག་བཞེངས་ནས་གྲུབ་པ་རེད། གཟུགས་མེད་ཀྱི་ལོ་ཟླས་ཁོའི་ལག་པའི་ཕྱི་ནང་ལ་དུས་ཚོད་ཀྱི་རི་མོ་ཕབ་ནའང་། ཁོས་ཐོ་བ་ཆུང་ཆུང་དེ་ལག་ཏུ་བཟུང་ནས་སྐུ་འདྲ་བཟོ་བའི་ལས་ལ་བྲེལ་སྐབས་ཁོའི་མིག་ཟུང་ལ་བློ་སྤོབས་ཀྱི་ཉམས་དང་ལྡན། རིག་རྡོས་གདོང་ལ་འཛུམ་དང་བཅས་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལ་མི་རྣམས་ཀྱིས་དང་དོད་བྱེད་བཞིན་མཆིས་ཞེས་བཤད།
རིག་རྡོ་ནི་ལི་ཁྲའི་བཟོ་རྩལ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། ལོ་བརྒྱད་ཀྱི་སྟེང་ཨ་ཕའི་གམ་ནས་ལི་ཁྲའི་འདྲ་སྐུ་བཟོ་རྡུང་གི་ལག་རྩལ་ལ་སྦྱོང་མགོ་ཚུགས་ཤིང་། ཆེས་ཐོག་མར་ཨ་ཕས་ཁོ་ལ་རྡོའི་སྟེང་དུ་རི་མོ་འབྲི་བར་མཛུབ་སྟོན་གནང་། “སྐབས་ལ་ལར་ལི་སྨི་བཅུ་ཡས་མས་ཀྱི་ལི་མ་ཞིག་ལག་ཏུ་ཐོན་རྗེས་ངས་དེའི་སྟེང་དུ་ཡང་དང་བསྐྱར་དུ་ཐོ་བས་བརྒྱབ་ནས་སྦྱངས་པ་བྱས་པ་ཡིན”རིམ་བཞིན་ཨ་ཕའི་མཛུབ་སྟོན་འོག་རིག་རྡོས་རང་གི་བརྩོན་པ་ལ་བརྟེན་ནས་ལི་མའི་སྐུ་འདྲ་བཟོ་བའི་ལས་རིམ་ཁག་ཁོང་དུ་ཆུད།
ལི་ཁྲ་བརྡུང་བཟོ་ལག་རྩལ་གྱི་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་སྟེ། ཆེས་ཐོག་མར་གོ་མཚོན་དང་མཆོད་ཆས་བརྡུང་བཟོ་ནས་དར་ཞིང་། དུས་རབས་བཅོ་བརྒྱད་པར་ལག་རྩལ་དེ་ཉིད་བོད་ལྗོངས་ནས་དཀར་མཛེས་ཁུལ་ལ་དར་རྗེས། ད་ལྟའི་སྡེ་དགེ་རྫོང་དང་དཔལ་ཡུལ་རྫོང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས། རིག་རྡོའི་ཡང་མེས་གདོང་ཚ་པདྨ་ཡིས་གདོང་ཚའི་ཁྱིམ་རྒྱུད་ཀྱི་བརྡུང་བཟོའི་ལག་རྩལ་གསར་གཏོད་བྱས་མུར། ཀུན་གྱིས་ཁོང་ལ་བི་ཤྭ་ཀརྨའི་རྣམ་སྤྲུལ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་། ཁོང་ནི་སྡེ་དགེ་རྒྱལ་པོའི་དབུ་བླ་ཁག་ལྔ་དང་བོད་ལྗོངས་ཀྱི་སྐུ་དྲག་ཁྱིམ་རྒྱུད་མང་པོའི་ཆེད་བསྐོས་བཟོ་པ་ཡིན། ལི་ཁྲའི་བཟོ་རྩལ་གྱི་ཚབ་མཚོན་རྒྱུན་འཛིན་པ་རིག་རྡོས་ལོ་ངོ་མང་པོར་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་གསར་གཏོད། ཁྱབ་གདལ་སོགས་ཀྱི་ལས་ལ་བུང་བ་པད་ཚལ་ངང་ཞུགས་ཤིང་། ཁོས་རང་གི་བློ་གྲོས་དང་བརྩོན་པ་ལ་བརྟེན་ནས་ཁྱིམ་རྒྱུད་ཀྱི་ལག་ཤེས་བཟོ་རྩལ་རྒྱུན་བསྐྱངས་རྗེས་ལག་ཤེས་དེ་ཉིད་ལ་སྔར་ལས་བཀྲག་མདངས་རྣམ་པར་འཚེར།
ཇོ་བོ་ཤཱཀྱ་མུ་ནེ།
དར་སྤེལ། ཡུལ་སྐོར་ཐོན་རྫས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ལག་ཤེས་བཟོ་རྩལ་དབྱར་མཚོ་ལྟར་རྒྱས།
2004ལོར་གྲོགས་པོ་དག་གིས་སྐུལ་སློང་དང་ཨ་ཕ་ལགས་འཚོ་བཞེས་སྐབས་རྒྱུན་དུ་གསུངས་པའི་ངེས་པར་དུ་ཁྱིམ་རྒྱུད་ལག་ཤེས་དང་མི་རིགས་རིག་གནས་ལ་སྲུང་སྐྱོབ་ལེགས་པོ་བྱ་དགོས་ཞེས་པའི་བཅོལ་གདམས་ལྟར། རིག་རྡོ་ཁྲེང་ཏུའུ་ལ་ཕྱིན་ནས་གདོང་ཚ་ཁྱིམ་རྒྱུད་ཀྱི་གནའ་བོའི་ལི་ཁྲ་བརྡུང་བཟོའི་ལག་རྩལ་འཕེལ་རྒྱས་སུ་བཏང་།
རྒྱུས་མེད་ཀྱི་ཁྲེང་ཏུའུ་ཡུལ་ནས་རིག་རྡོས་སློབ་བུ་མང་པོ་ཞིག་ལ་ལག་ཤེས་བཟོ་རྩལ་དང་འབྲེལ་བའི་སློབ་སྦྱོང་གི་གོ་སྐབས་བསྩལ་ཞིང་། རང་ཉིད་ཀྱི་འཇོན་ཐང་དང་ལྷག་བསམ་ལ་བརྟེན་ནས་སློབ་མ་ཚོས་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་འདི་ཉིད་སྲུང་སྐྱོབ་དང་དར་སྤེལ་དུ་བཏང་ཞིང་། ལི་ཁྲ་བརྡུང་བཟོའི་ལག་ཤེས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་རྗེས་རབས་པས་གནའ་བོའི་ལག་ཤེས་བཟོ་རྩལ་འདིའི་རིན་ཐང་དང་ཁྱད་ཆོས་ངེས་རྒྱུར་དམིགས་པ་རྩེ་གཅིག་ཏུ་གཞོལ། ད་ལྟའི་བར་རིག་རྡོས་སློབ་མ་300ལྷག་གསོ་སྐྱོང་བྱས་ཤིང་། བརྡུང་བཟོའི་ལག་ཤེས་ལས་རིགས་ཁྲོད་ཁོ་ནི་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་གལ་ཆེན་ཞིག་ཏུ་ཆགས་ཡོད།
རིག་རྡོས་དུས་རབས་སོ་སོའི་ལག་ཤེས་པར་ལས་འགན་མི་འདྲ་བ་རེ་ཡོད་ཅིང་། ང་ཚོའི་ད་ལྟའི་འོས་འགན་གཙོ་བོ་ནི་ལག་ཤེས་འདི་ཉིད་རྒྱུན་འཛིན་བྱས་ནས་མ་འོངས་པར་དངོས་མིན་ཤུལ་བཞག་རིག་གནས་གང་དེ་འགྲེམ་སྟོན་ཁང་གི་རྣམ་ཤེས་བོར་བའི་ལག་ཤེས་ཐོན་རྫས་ཤིག་ཏུ་འགྱུར་དུ་མི་འཇུག་པ་དེ་ཡིན་ངེས་ཞེས་གསར་འགོད་པར་བཤད།
ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་ལས་རིགས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་བསྟུན་ནས་ཡུལ་སྐོར་རྗེས་དྲན་ལེགས་སྐྱེས་མང་པོའི་སྣ་གཅིག་རྐྱང་པའི་ཞན་ཆའང་མངོན་པར་གསལ་ཞིང་། ཁོས་གནད་དེར་དམིགས་ནས་ལི་ཁྲ་བརྡུང་བཟོ་ལག་ཤེས་གསར་གཏོད་ཀྱི་ལམ་གསར་པ་ཞིག་ཕྱེ་བ་སྟེ། སྤར་ཁ་བརྒྱད་ཀྱི་སྐ་རགས་མགོ་རྒྱན་དང་སྐེ་རྒྱན། ཁ་པར་གྱི་ཕྱི་ཤུབས་སོགས་ཡུལ་སྐོར་ལེགས་སྐྱེས་ཀྱིས་ཡུལ་སྐོར་པ་མང་པོའི་ཡིད་སེམས་བཀུག །ལྷག་དོན་འཐུས་ཚབ་རང་བཞིན་གྱི་སྲིད་པ་འཁོར་ལོ་སོགས་མུ་འབྲེལ་བཟོ་རྩལ་བརྩམས་ཆོས་བཀྲམ་པ་དེས་ལི་ཁྲ་བརྡུང་བཟོའི་ལག་ཤེས་འཕེལ་རྒྱས་ལ་ཐོད་བརྒལ་བྱུང་བ་མཚོན་ནོ། །
རིག་རྡོས་ད་དུང་ལག་ཤེས་བཟོ་རྩལ་གྱི་བཤམས་ཚོང་དང་འགྲན་ཚོགས་ལ་ཞུགས་པའི་གོ་སྐབས་དམ་འཛིན་བྱས་ནས་རང་ཉིད་ཀྱི་སྒྱུ་རྩལ་གསར་གཏོད་ཀྱི་བགྲོད་ལམ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་བཏང་། ལག་ཤེས་བཟོ་རྩལ་ཕུལ་དུ་བྱུང་བ་དང་བསྟུན་ནས་རིག་རྡོའི་མིང་གྲགས་ཀྱང་ཇེ་ཆེར་གྱུར། ཁོ་ལ་སི་ཁྲོན་ཞིང་ཆེན་ལི་ཁྲ་མཛེས་བཟོའི་སློབ་དཔོན་གྱི་མཚན་སྙན་ཐོབ་པར་མ་ཟད། སི་ཁྲོན་ཞིང་ཆེན་གྱི་བྱས་རྗེས་ཅན་གྱི་གྲོང་ཚོའི་རིག་གནས་དང་ཡུལ་སྐོར་འཇོན་མི་དང་། དཀར་མཛེས་ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་དངོས་མིན་ཤུལ་བཞག་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས།
དེ་བཞིན་གཤེགས་པའི་མཆོད་སྡོང་།
འཕེལ་རྒྱས། མི་རིགས་རིག་གནས་དང་ཇུས་འགོད་འདུ་ཤེས་ཀྱི་ཟུང་སྦྲེལ།
“ལི་ཁྲའི་སྐུ་འདྲ་བཟོ་བར་ལས་རིམ་བཅུ་དགུ་བརྒྱུད་དགོས་ཏེ། ཐོག་མར་ལི་མར་ཤུར་བརྐོ་བ། དེ་ནས་ཤུར་གྱི་མཚམས་ལ་གསེར་དངུལ་ཟངས་ཀྱི་ཕྲ་རྒྱན་འགོད་པ། མཐར་གསེར་ཆུ་བྱུགས་པ་དང་ཞིབ་ཕྲའི་ལས་རྣམས་ཚགས་རྗེས་སྐུ་འདྲ་གྲུབ་པ་ཡིན།” རིག་རྡོས་དེ་ལྟར་ལི་ཁྲའི་བཟོ་རྩལ་དང་འབྲེལ་བའི་ལས་རིམ་ཞིབ་ཆ་དང་ལྡན་པར་ངོ་སྤྲོད་བྱས་པ་སྟེ། “གསེར་དངུལ་ཟངས་ལྕགས་ཀྱི་བརྡུང་བཟོ་ནི་ལི་ཁྲའི་སྐུ་འདྲ་བཟོ་བའི་ལས་རིམ་གལ་ཆེན་ཞིག་ཡིན་ཞིང་། ཟངས་དངུལ་སོགས་ཀྱི་རྒྱུ་ཆ་གང་དེ་བརྡུང་བཟོ་ལ་བརྟེན་ནས་བྱེ་བྲག་གི་ཐོན་རྫས་ཤིག་ཏུ་གྲུབ་པའི་གོ་རིམ་ལ་རྙོག་འཛིང་ཅུང་ཆེ་སྟེ། ཐོག་མར་བཟོ་པས་ཆེ་ཆུང་དང་དབྱིབས་ཚུལ་ངེས་ཅན་གྱི་སྐུ་འདྲ་གང་ཞིག་བློས་བསླངས་བྱས་རྗེས་ལས་རིམ་དངོས་ལ་འཇུག་དགོས་པ་དང་། དེ་ནས་ཞིབ་ཕྲའི་ལས་རྣམས་རེ་རེ་བཞིན་ཚགས་རྗེས་གྲུབ་པ་ཡིན། གསེར་ཆུ་བྱུག་པའི་ལག་རྩལ་ཡང་ལི་ཁྲའི་བཟོ་རྩལ་གྱི་ལག་ཤེས་ལ་མེད་དུ་མི་རུང་བའི་ལས་རིམ་ཞིག་ཡིན། དེའི་གོ་རིམ་ནི་གསེར་དང་དངུལ་བསྲེས་སྦྱོར་བྱས་ནས་བཞུ་དགོས་པ་དང་། དེ་ནས་ལི་ཁྲའི་སྐུ་འདྲ་སོགས་ཀྱི་ཕྱི་ངོས་ལ་བྱུགས་ཤིང་དྲོད་ཚད་མཐོན་པོས་སྲོས་ནས་བསྲད་རྗེས་འཇམ་བརྡར་རྒྱག་དགོས་ཤིང་། དེ་ལྟ་བུའི་ལས་རིམ་བརྒྱུད་པའི་སྐུ་འདྲ་སོགས་ལ་བཀྲག་མདངས་བཀྲ་ཞིང་ཚོན་རིས་གསལ་བ། གསོན་ཉམས་ལྡན་ཞིང་དུས་ཐུབ་པའི་ཁྱད་ཆོས་ལྡན།” གཞན་པའི་ལག་ཤེས་བཟོ་པ་མང་པོ་དང་འདྲ་བར་རིག་རྡོའང་ཁྱིམ་རྒྱུད་ཀྱི་སྲོལ་རྒྱུན་ལག་ཤེས་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དགའ་སྤྲོས་བརྟས་ཡོད་དེ། ཁོས“མི་མང་པོས་ལག་ཤེས་བཟོ་པ་ནི་ལས་གང་དེར་བསྐྱར་ཟློས་ཀྱིས་འཇུག་མཁན་ཞིག་ཏུ་འདོད་བཞིན་ཡོད་ནའང་། དོན་དམ་པར་ང་ཚོ་རང་ཉིད་ཀྱི་ལག་ཤེས་བཟོ་རྩལ་གསར་གཏོད་དང་ལེགས་བཅོས་ལ་དགའ་བར་མ་ཟད། དེ་ལྟ་བུའི་ལས་ཕྱོད་མཐོ་བའི་བསྐྱར་ཟློས་ཀྱི་ལས་ཀས་ལག་ཤེས་ཐོན་རྫས་གང་དེའི་མྱོང་རོལ་གྱི་རིན་ཐང་ཇེ་མཐོར་བཏང་བ་རེད”ཅེས་བཤད།
མནྡ་ར།
རིག་རྡོ་རང་ཉིད་ཀྱིས་བཟོས་པའི་ལག་ཤེས་ཐོན་རྫས་ལ་རྒྱུས་མངའ་ཆེན་པོ་ཡོད་ཅིང། ཁོ་ལ་ཐོན་རྫས་གང་དེའི་ཇུས་འགོད་ཀྱི་བསམ་བློ་དང་རིག་གནས་ཀྱི་གྲུབ་ཆ། ཐབས་རྩལ་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་བསམ་ཚུལ་དང་ལངས་ཕྱོགས་བརྟན་པོ་ཆགས་ཡོད་པ་རེད། “ང་ཚོའི་ལག་ཤེས་ཐོན་རྫས་ལ་མི་མང་པོས་དང་ལེན་བྱེད་པ་དང་། ཐོན་རྫས་དེ་དག་ལ་བརྟེན་ནས་མི་རིགས་རིག་གནས་ཀྱི་རིན་ཐང་ལ་ངོས་འཛིན་ཐོབ་རྒྱུ་ནི་ངའི་རེ་བ་ཡིན”འདི་ནི་ཁོའི་ལས་གང་དེར་སྤོབས་པས་འཇུག་པའི་ཕུགས་བསམ་གྱི་སྒུལ་ཤུགས་ཀྱང་ལགས།
ལོ་ངོ་ཞེ་གཅིག་གི་རིང་ལ་ཁོ་ལི་ཁྲའི་བཟོ་རྩལ་དང་འབྲེལ་བའི་ལས་ལ་ཞུགས་ཤིང་། ལག་ཤེས་བཟོ་རྩལ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གྱི་གོ་རིམ་ཁྲོད་ཆེས་འབུར་ཐོན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཁོ་རང་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་རབས་བདུན་པ་ཡིན་པའི་ཆ་ནས་ལི་ཁྲའི་བཟོ་རྩལ་རྒྱུན་འཛིན་གྱི་ཐབས་ཇེ་མང་དང་ལམ་ཇེ་ཡངས། ཤུགས་རྐྱེན་ཇེ་ཆེ་ཡིན་པ་དེའོ། །