སྲི་ཐར་རྡོ་རྗེ་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ས་དམ་ཡུལ་ཚོའི་དཔྲི་པ་གྲོང་ཚོ་རུ་སྐྱེས། ཁོ་རང་ལོ་བདུན་ཡས་མས་སུ་ཤང་མི་དམངས་སྲིད་གཞུང་གི་ཧྲུའུ་ཅི་རྒྱལ་མཚན་ཆོས་འཕེལ་གྱིས་ཆབ་མདོ་ས་ཁུལ་གྱི་ལོ་དགུའི་འོས་འགན་སློབ་གསོ་འཆར་གཞི་ལྟར་ཁོ་ཚོའི་གྲོང་ཚོ་རུ་སློབ་མ་བསྡུ་རུ་ཡོང་། སྐབས་དེར་སྲི་ཐར་རྡོ་རྗེ་ནི་སློབ་གྲྭ་དེ་གའི་སློབ་མ་གསར་བའི་མིང་ཐོ་རུ་ཚུད་འདུག དེའི་རྐྱེན་གྱིས་ཁྱིམ་མིས་སློབ་གྲྭར་སྐྱེལ་མི་འདོད་ན་ཡང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡིན་པས་སློབ་གྲྭར་འགྲོ་དགོས་བྱུང་། དུས་དེ་ནས་བཟུང་ཤེས་རིག་གི་བདུད་རྩིར་རོལ་བའི་སྐལ་བ་ཐོབ། སློབ་ཆུང་ལོ་རིམ་གསུམ་པའི་དུས་ཀྱི་མཚན་མོ་ཞིག་ལ། ཁོ་རང་དུས་རྒྱུན་དང་འདྲ་བར་སློབ་གྲྭའི་ཉལ་ཁང་དུ་གཉིད་ལོག་པ་ན་ནམ་སྨད་ལ་རྨི་ལམ་འདི་ལྟ་བུ་ཞིག་རྨིས། ང་རང་རྩྭ་ཐང་ཆེན་པོ་ཞིག་ལ་སླེབས་ཡོད་པ་དང་། མིག་གིས་མཐོང་བ་ནི་མེ་ཏོག་འདྲ་མིན་སྣ་ཚོགས་དང་ཆུ། ནོར་ལུག་མང་པོ་ཡོད་པ་དེ་ཡིན་ལ། རྣ་བས་ཐོས་པ་ནི་བྱ་བྱེའུ་སྣ་ཚོགས་ཀྱི་གསུང་སྐད་སྙན་མོ་རེད། ངས་ཡུལ་ལྗོངས་དེ་མིག་གིས་ལོངས་སུ་སྤྱོད་པའི་སྐབས་དེར་གློ་བུར་དུ་རྩྭ་ཐང་གི་ཕ་མཐའ་ནས་རྟ་ལ་ཞོན་པའི་མི་གཉིས་ང་ཡོད་སར་ཡོང་གི་འདུག་ཅིང་། དེའི་དུས་སུ་ང་རང་དངངས་སྐྲག་སྐྱེས་པ་དང་མཉམ་དུ་རང་ཉིད་ལུ་གུ་སྤྱང་ཀིའི་ལག་ཏུ་ཤོར་བ་ལྟ་བུའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། རྒྱུ་མཚན་ནི་ཁོ་གཉིས་སྤྱིར་བཏང་གི་མི་དང་མི་འདྲ་བར་གཟུགས་རིང་ཞིང་ལུས་སྟོབས་ཆེ་ལ་ཁྲབ་རྨོག་གྱོན་མཁན་ཞིག་ཡིན་པས་སོ།། ཅུང་མ་འགོར་བར་ཁོ་གཉིས་ང་ཡོད་སར་ཐོན་པ་དང་རྟ་ལས་མར་བབས་ཏེ་བར་མི་ཡུལ་ནས་འཁྲིད་ཤོག་ཟེར་བའི་མི་དེ་འདི་རེད་གསུངས་བྱུང་། དེ་དང་མཉམ་དུ་ཁོ་གཉིས་ཀྱིས་ང་ཡི་ལག་པ་གཡས་འཇུས་གཡོན་འཇུས་བྱས་ནས་ཁྲིད། དེ་ནས་དུས་ཡུན་ཐུང་ཐུང་ཞིག་འགོར་རྗེས་མི་དང་ཁང་པ་རྟ་སོགས་མང་པོ་ཡོད་པའི་གནས་ཤིག་ཏུ་ཐོན་པ་དང་། ཁོ་གཉིས་ཀྱིས་བདག་གིས་སུ་ཡིན་མི་ཤེས་པའི་ཁོ་ཚོའི་གོང་རིམ་གྱི་མི་ཞིག་ལ་བར་མི་ཡུལ་ནས་འཁྲིད་ཤོག་ཟེར་བའི་མི་དེ་འཁྲིད་ཡོད་ཅེས་བཤད། གློ་བུར་དུ་ཁང་དཀྱིལ་ཞིག་ནས་མིག་གིས་མི་མཐོང་བའི་མི་ཞིག་གིས་རྟེན་འབྲེལ་ཆེན་མོ་ཡིན་ཞེས་གསུངས་པའི་སྐད་ཆ་བདག་གིས་ཐོས། ངའི་བསམ་ཚུལ་ལ་འཁྲིད་མཁན་གཉིས་ནི་ཤན་པ་དང་འདན་མ་ཡིན་པ་དང་གོང་རིམ་གྱི་མི་དེ་ནི་གེ་སར་རྒྱལ་པོ་རེད། དེ་ནས་རྟེན་འབྲེལ་ལྟ་བུར་གཞུང་པོ་ཏི་འདྲ་བའི་དཔེ་ཆ་མང་པོ་ཞིག་ངའི་ལག་ཏུ་སྤྲད་ནས་ཟ་དགོས་གསུངས། སྐབས་དེར་ང་རང་གི་སེམས་ལ་རང་ཉིད་ལ་སྤྲད་པའི་དཔེ་ཆ་དེ་དག་ཟ་ཐུབ་ཀྱི་མ་རེད་སྙམ་ནས་བསྡད་པ་ཡིན། ཡ་མཚན་ཞིག་ལ་ང་འཁྲིད་མཁན་མི་གཉིས་ལས་མི་གཅིག་གིས་ཁོ་བོའི་ལག་པའི་ནང་གི་དཔེ་ཆ་ཡར་ཁ་ནང་དུ་བརྫངས་ནས་བཙན་གྱིས་ཡོངས་རྫོགས་ཟ་རུ་བཅུག་བྱུང་། དེ་ནས་དཔེ་ཆ་དེ་དག་ཟོས་ཚར་རྗེས་ད་དེ་རིང་རྟེན་འབྲེལ་ཆེན་མོ་ཡིན་གསུངས་ཏེ་མི་དེས་ང་རང་ཁ་ཕྱིར་ལ་བསྐོར། དེ་དང་མཉམ་དུ་ང་ཡི་རྐང་འགྲམ་དུ་འཇའ་ཚོན་ཞིག་ཤར་པ་དང་མི་དེས་ཁྱོད་རང་འཇའ་ཡི་སྟེང་ལ་སོང་གསུངས། སྐབས་དེར་ངས་རྐང་པ་ཡ་གཅིག་འཇའ་ཚོན་སྟེང་ལ་སྤོས་པ་དང་རྐང་པ་ཡ་གཅིག་ས་ཐོག་ན་ཡོད་དུས་དགེ་རྒན་བསོད་ནམས་ཚེ་རིང་གིས་ཉལ་ཁང་གི་སྒོ་བརྡུངས་སྟེ་ང་རང་གཉིད་ལས་བསླངས། དགེ་རྒན་བསོད་ནམས་ཚེ་རིང་ནི་ཆབ་མདོ་སྨར་ཁམས་རྫོང་གི་མི་ཡིན་ལ་ད་ལྟ་བོད་ལྗོངས་ཆབ་མདོ་དཔལ་འབར་རྫོང་སློབ་ཆུང་གི་སློབ་གཙོ་ཡི་འགན་འཁུར་གྱིན་ཡོད། དེ་ནས་ང་རང་མལ་ལས་ལངས་པ་དང་དཔེ་ཆ་ཞིག་བཟུང་སྟེ་འཕེན་འཕང་སྤོ་ལོ་རྩེད་སའི་སྟེགས་བུ་སྟེང་བསྡད་དེ་རྨི་ལམ་ལ་བསམ་བློ་བཏང་བ་ཡིན། ཡ་མཚར་བ་ཞིག་ལ་མིག་མདུན་དུ་རྟ་རྒྱུགས་པ་དང་ཡི་གེ་འདྲ་མིན་སྣ་ཚོགས་མངོན་ཡོང་གི་འདུག སྐབས་དེར་ངས་མིག་ཕུར་ཕུར་ཅི་འདྲ་བྱས་ཀྱང་དེ་འདྲ་རང་དངོས་སུ་མཐོང་ཡོང་། ཡིན་ནའང་དུས་སྐབས་དེར་ང་རང་གི་མིག་མདུན་དུ་མངོན་ཡོང་བའི་ཡི་གེ་དེ་དག་རང་ཉིད་ཀྱི་འདོན་མི་ཤེས་པ་དང་དོན་མི་གོ་བས་སེམས་ལ་སྐྲག་སྣང་ཅུང་ཟད་སྐྱེས། དེ་ནས་ཟ་མ་ཟ་བའི་དུས་ལ་སླེབས་པ་དང་ངས་ཟ་ཁང་དུ་ཟ་མ་བླངས་ནས་ཉལ་ཁང་དུ་བཟའ་འགོ་བརྩམས། སྐྲག་སྣང་སྐྱེས་པ་ཞིག་ལ་ཁོག་པའི་ནང་དུ་ཅི་ཞིག་གིས་བཀང་བ་ལྟ་བུས་ཟ་མ་ཟ་མ་ཐུབ་པར་སློབ་ཁྲིད་ཉན་པར་ཕྱིན་པ་དང་རིམ་བཞིན་སློབ་ཐུན་དང་པོ་དང་གཉིས་པ་ཚོགས། སློབ་ཐུན་གཉིས་པའི་སྐབས་སུ་སློབ་གྲོགས་བཀྲ་ཤིས་དཔལ་བཟང་གིས་ཁྱོད་ཀྱི་ངོ་གདོང་ནི་དུས་རྒྱུན་དང་མི་འདྲ་བས་ན་གིན་འདུག་གམ་ཞེས་དྲིས་བྱུང་། ངས་ཁོ་བོ་ལ་བཤད་རྒྱུར། ང་ན་མ་བྱུང་མོད་འོན་ཀྱང་ཁོག་པའི་ནང་དུ་ཅི་ཞིག་འཆད་རྒྱུ་ཡོད་པའི་ཚོར་བ་ཞིག་གིས་ལུས་པོ་མི་བདེ་བར་གྱུར་ཞེས་བཤད། ཅུང་མ་འགོར་བར་སློབ་གྲོགས་བཀྲ་ཤིས་དཔལ་བཟང་གིས་དགེ་རྒན་བྱང་ཆུབ(དགེ་རྒན་བྱང་ཆུབ་ནི་ཆབ་མདོ་དཔའ་འབར་རྫོང་གི་མི་ཡིན་ལ་སྐབས་དེར་ཁོ་རང་ནི་དགེ་རྒན་གླ་པ་ཡིན་པ་དང་ད་ལྟ་དཔའ་འབར་རྫོང་སློབ་འབྲིང་གི་ཇ་མ་ཡིན)ལ་གནས་ཚུལ་དེ་ལྟར་ཡར་ཞུ་བྱས་པ་ན་དགེ་རྒན་གྱིས་ཁྱེད་ལ་འཆད་རྒྱུ་ཅི་ཞིག་ཡོད་ན་ཤོད་གསུངས་བྱུང་། སྐབས་དེ་དང་བསྟུན་ནས་ངས་བཤད་འགོ་བརྩམས་པ་དང་དགེ་རྒན་གྱིས་དེ་ནི་གེ་སར་རྒྱལ་པོའི་སྒྲུང་ཡིན་པར་ངོས་བཟུང་པ་རེད་ཅེས་བཤད་བྱུང་། དུས་དེ་ནས་སྲི་ཐར་རྡོ་རྗེའི་སྙན་གྲགས་ཕྱོགས་བཞིར་ཁྱབ་པ་དང་ཁོས་བཤད་པའི་སྒྲུང་སྣ་བཞི་བཅུ་ལྷག་ཡོད་པས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་སྲུང་སྐྱོབ་མི་སྣར་གཏན་འཁེལ་བྱས་ཡོད། སྲི་ཐར་རྡོ་རྗེའི་སྒྲུང་བཤད་ཀྱི་ཁྱད་ཆོས་གཙོ་བོ་ནི་གསར་སྐྱེས་སྒྲུང་པར་གེ་སར་སྒྲུང་གི་སྐོར་ལ་མི་གཞན་དང་མི་མཚུངས་པའི་ཡིད་འཛིན་གྱི་ནུས་པ་དང་ཁ་བདེ་མོ་ཞིག་ཡོད་པ་རེད། སྤྱིར་བབ་སྒྲུང་སྒྲུང་པ་ཞིག་ཡིན་ཕྱིན་ཡིད་འཛིན་གྱི་ཐད་ནས་སྤྱིར་བཏང་གི་མི་དང་མི་འདྲ་བ་ཡིན་མོད། འོན་ཀྱང་སྲི་ཐར་རྡོ་རྗེ་ལ་སློབ་ཁྲིད་དང་བཅར་འདྲི། རྒྱུས་ལོན་བཅས་བྱས་པ་ལྟར་ན། དོན་དངོས་སུ་ཁོ་བོར་སྒྲུང་གི་ཆ་ནས་མི་གཞན་དང་མི་མཚུངས་པའི་ཡིད་འཛིན་གྱི་ནུས་པ་ཞིག་མེད་པ་མ་གཏོགས། སློབ་སྦྱོང་དང་ཕྱོགས་གཞན་གྱི་ཐད་ལ་ཡིད་འཛིན་གྱི་ནུས་པ་ཁྱད་པར་ཅན་ཞིག་གཏན་ནས་ཡོད་པ་མ་རེད། དཔེར་ན། བློར་བཟུང་ཟིན་པའི་བོད་ཡིག་གི་སུམ་རྟགས་རྩ་བ་དང་རིག་ཚན་གཞན་གྱི་སྤྱི་འགྲོས་སོགས་མི་གཞན་དག་དང་འདྲ་བར་བརྗེད་སླ་བའི་སྣང་ཚུལ་ཁོ་བོ་ལ་ཡང་ཡོད་པ་ལྟ་བུ་དང་། གཞན་དེ་སྔར་ཞིབ་འཇུག་པ་ཁ་ཤས་ཀྱིས་བབ་སྒྲུང་སྒྲུང་པར་བཅར་འདྲི་བྱས་རྗེས་ཁོ་ཚོར་སྐྱེས་སྟོབས་ཀྱི་ཤེས་རབ་བམ་རིག་པ་གྲུང་པོ་ཞིག་ཡོད་ཚུལ་བརྗོད་ཀྱི་ འདུག་ཀྱང་། སྲི་ཐར་རྡོ་རྗེ་ནི་སྒྲུང་པ་དེ་དག་དང་མི་འདྲ་བར་རིག་པ་གྲུང་པོ་ཡོད་མཁན་ཞིག་མ་རེད། དཔེར་ན། ཁོ་བོས་རྩིས་དངོས་རྫས་གསུམ་ལ་བརྩོན་པ་ཅི་འདྲ་བྱས་རུང་ཤེས་ཀྱིན་མི་འདུག་ཟེར་བ་དེའི་སྟེང་ནས་ཤེས་ཐུབ། སྤྱིར་སྒྲུང་པ་ལ་རིགས་མི་འདྲ་བ་མང་པོ་ཡོད་པའི་ནང་སྒྲུང་པ་སྲི་ཐར་རྡོ་རྗེ་ནི་བབས་སྒྲུང་གི་ཁོངས་སུ་གཏོགས་པའི་སྒྲུང་པའི་རིགས་རེད། ཁོང་གིས་སྒྲུང་འཆར་གྱེར་སྐབས་སྒྲུང་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་འགའ་ཡོད་པ་སྟེ། གཅིག སྤྱིར་བབ་སྒྲུང་གི་སྒྲུང་པའི་རིགས་མང་ཆེ་བས་སྒྲུང་བཤད་ཀྱི་འགོ་ཚུགས་དུས་བསང་མཆོད་ཀྱི་ཆོ་ག་བྱེད་པ་དང་། གེ་སར་རྒྱལ་པའི་ཐང་གའམ་སྐུ་པར་བཤམས་པ། སྒྲུང་ཞྭ་གྱོན་པ་སོགས་བྱེད་ཀྱི་ཡོད། ཡིན་ནའང་སྒྲུང་པ་སྲི་ཐར་རྡོ་རྗེ་ལ་མཚོན་ན་གོ་རིམ་འདི་དག་གཅིག་ཀྱང་བརྒྱུད་མི་དགོས་པ་རེད། འདི་ནི་ཁོ་བོའི་སྒྲུང་བཤད་ཀྱི་ཁྱད་ཆོས་དེ་བབ་སྒྲུང་གི་རིགས་ཀྱི་སྒྲུང་པ་གཞན་དག་དང་མི་འདྲ་བའི་གནས་ཚུལ་ཁྱད་པར་བ་ཞིག་རེད། གཉིས། ཁོང་གི་སྒྲུང་བཤད་ལུགས་དང་ནང་དོན་ནི་སྒྲུང་པ་གཞན་དང་མི་འདྲ། དཔེར་ན། བཤད་ལུགས་ལ་མཚོན་ན་ཁོས་སྒྲུང་བཤད་སྐབས་མདའ་གྲི་མདུང་གསུམ་ལག་ཏུ་གཟུང་མི་དགོས་པར་ཉམས་འགྱུར་ངང་གིས་ཐོན་ཐུབ་པ་དང་། སྒྲུང་གི་ནང་དོན་ལ་མཚོན་ན་སྒྲུང་པ་གཞན་དང་མི་མཚུངས་པ་མང་སྟེ། དཔེར་ན། གནམ་གླིང་ལུག་རྫོང་དང་སོག་པོ་རྟ་རྫོང་། གཟི་མ་རྟ་རྫོང་སོགས་ལྟ་བུ། དེ་དག་ལས་གཟི་མ་རྟ་རྫོང་ལྟ་བུ་ནི་གེ་སར་མ་འཁྲུངས་གོང་གི་ལོ་རྒྱུས་ཡིན་སྟབས་དེ་སྔར་སྒྲུང་པ་སུ་ཞིག་ལ་མཚོན་ན་ཡང་སྒྲུང་དེ་ལྟ་བུ་འཆད་རྒྱུ་མེད། གསུམ། ཁོང་གིས་སྒྲུང་བཤད་པའི་དུས་སུ་མི་སྣ་རེ་རེ་ལ་གཏམ་གླེང་དང་གྲོས་མོལ་སོགས་བྱེད་སྐབས་སྒྲུང་པ་ཁོ་རང་གེ་སར་རྒྱལ་པོ་མི་སྣ་དངོས་སུ་གྱུར་པའི་ཉམས་འགྱུར་ཞིག་ཉན་མཁན་ལ་སྟེར་ཐུབ་པ་དེའོ། །ད་དུང་སྒྲུང་པ་ཁོང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་འགའ་ཡོད་དེ། གཅིག སྒྲུང་པ་བྱུང་བའི་ལོ་རྒྱུས་ལ་བལྟས་ན་སྒྲུང་པའི་རིགས་གང་ཡིན་ནའང་ཚང་མ་ནི་སློབ་གྲྭར་འགྲོ་མ་མྱོང་བའི་ཡིག་རྨོངས་པ་རང་རེད། འོན་ཀྱང་གཞོན་སྐྱེས་སྒྲུང་པ་སྲི་ཐར་རྡོ་རྗེ་ལ་མཚོན་ན་སློབ་ཆུང་ནས་དམའ་འབྲིང་དང། དམའ་འབྲིང་ནས་མཐོ་འབྲིང་འགྲིམས་དང་འགྲིམ་བཞིན་པའི་སློབ་མ་ཞིག་ཡིན། གཉིས། ཁོ་རང་ཉིད་དང་འདྲིས་ཆེ་བའི་ཡུལ་མི་དང་སློབ་གྲོགས་ལ་གེ་སར་སྒྲུང་གི་ཆོས་སྒྲུང་ཐོག་ནས་སློབ་གསོ་རྒྱག་རྒྱུར་དགའ་བ། གསུམ། ཕ་ཡུལ་དང་སློབ་གྲྭ་སོགས་ས་གནས་གང་དུ་བསྡད་ནའང་ཚེས་བརྒྱད་དང་བཅོ་ལྔ་སོགས་དུས་ཆེན་གྱི་ཉིན་ལ་རྐང་ལག་སྦྲིད་དེ་ན་རྒྱུ་ཞིག་ཡོད་པ། བཞི། སྒྲུང་པ་ཞིབ་འཇུག་པ་རྣམས་ཀྱིས་བབ་སྒྲུང་རིགས་ཀྱི་སྒྲུང་པ་ལ་གཞན་དང་མི་འདྲ་བའི་ཡིད་འཛིན་གྱི་ནུས་པ་དང་རིག་པ་ཡོད་པར་བཤད་ནའང་།སྒྲུང་པ་སྲི་ཐར་རྡོ་རྗེ་ནི་རིག་པ་གྲུང་པོ་ཡོད་མཁན་ཞིག་མ་རེད་ལ་གེ་སར་སྒྲུང་མ་གཏོགས་ཕྱོགས་གང་ཅིའི་ཐད་ལ་ཡིད་འཛིན་གྱི་ནུས་པ་མི་གཞན་དང་མི་འདྲ་བ་གཏན་ནས་མེད། སྲི་ཐར་རྡོ་རྗེའི་སྒྲུང་ཁག་གི་དཀར་ཆག ཁོ་ལ་མཚོན་ན། སྒྲུང་པ་ཞེས་པའི་མིང་ཐོག་མར་བོད་ལྗོངས་ལ་གྲགས་སུ་འཇུག་མཁན་ནི་ཆབ་མདོ་ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་མ་ཞའོ་ཡན་ཡིན་པ་དང་། བོད་ཁམས་ནས་རྒྱལ་ནང་ལ་གྲགས་སུ་འཇུག་མཁན་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གེ་སར་ཞིབ་འཇུག་པ་ཆེན་མོ་དབྱང་ཨིན་ཧོང་རེད། གཤམ་དུ་བཅར་འདྲི་ལས་རྒྱུས་ལོན་བྱུང་བ་ལྟར་སྒྲུང་པ་སྲི་ཐར་རྡོ་རྗེས་བཤད་པའི་སྒྲུང་སྣ་ཉེར་དྲུག་གི་དཀར་ཆག་རྣམས་རེ་རེ་བཞིན་སྟོང་ཆ་ཁ་སྐོང་གི་ཚུལ་དུ་དགོད་པར་བྱ་སྟེ།1གཟི་མ་རྟ་རྫོང་། 2 འཁྲུངས་གླིང་མེ་ཏོག་ར་བ། 3 ལྷ་གླིང་གབ་ཙེ་དགུ་སྐོར། 4 རྟ་རྒྱུག་ནོར་བུ་ཆ་བདུན། 5 བདུད་གླིང་གཡུལ་འགྱེད། 6 ཧོར་གླིང་གཡུལ་འགྱེད། 7 འཇང་གླིང་གཡུལ་འགྱེད། 8 མོན་གླིང་གཡུལ་འགྱེད། 9 སྟག་གཟིག་ནོར་རྫོང་། 10 འདན་མ་ནས་རྫོང་། 11 མེ་རུ་ཐོག་རྫོང་། 12 གངས་རི་ཤེལ་རྫོང་། 13 མི་ནུབ་དར་རྫོང་། 14 མུ་གུ་དྲེལ་རྫོང་། 15 རྒྱ་ནག་ཇ་རྫོང་། 16 ཨ་གྲགས་གཟི་རྫོང་། 17 བྱེ་རི་བྱུར་རྫོང་། 18 གནམ་གླིང་ལུག་རྫོང་། 19 མངའ་རིས་གཡུ་རྫོང་། 20 ཚྭ་ཡི་གཏེར་རྫོང་། 21 སྲིད་པ་མཐའ་རྫོང་། 22 ཞང་ཞུང་མདའ་རྫོང་། 23 སོག་པོ་རྟ་རྫོང་། 24 གྲུ་གུ་གོ་རྫོང་། 25 འཛམ་གླིང་སྤྱི་བསང་། 26 ཁ་ཆེ་གཡུ་རྫོང་བཅས་ཡིན། དེ་ལས་གཞན་འདིར་དགའ་འོས་པ་དང་གསར་དུ་གླེང་དགོས་པ་ཞིག་ནི། 2009ལོར་རྒྱུས་ལོན་པ་ལྟར་ན་ཁོས་བཤད་ཤེས་པའི་སྒྲུང་གི་གྲངས་ཀ་ལ་གོང་གི་སྒྲུང་སྣ་དེ་དག་གི་མི་ཚད་པར་ད་དུང་ཁ་ཤས་ཤིག་ཡོད་པ་རེད། གཤམ་ནས་དེ་དག་གི་དཀར་ཆག་རྣམས་རེ་རེ་བཞིན་བཀོད་ན་འདི་ལྟ་སྟེ།
1 ཤིང་རྩ་གོ་བོ་གཤོག་རྫོང་། 2 བེར་གླིང་གཡུལ་འགྱེད། 3 འབྱུང་བཞི་བདེ་བཀོད། 4 འབས་འབར་སྣ་རྫོང་། 5 དམར་རི་གནས་རྫོང་། 6 ཐེའུ་རང་ར་རྫོང་། 7 ཀླུ་འབུམ་གཏེར་རྫོང་། 8 གངས་འབྲུག་ཤོར་རྫོང་། 9 རྒྱ་སྲིན་མོ་རོ་རོའི་རོ་རྫོང་། 10 ནུབ་གླིང་སྲིན་པོ་མགོ་དགུ་། 11 བདུད་རྒྱ་གར་གྱི་ཆོས་རྫོང་། 12 ས་ཀྵ་རྒྱ་མོ་དངུལ་ཆུ་གླིང་བཅས་ཡིན། །