༄༅། །ཅི་ཞིག་ལ་འཕྲལ་མྱུར་ཉེན་གཡོལ་ཟེར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 05-19


གཅིག ཅི་ཞིག་ལ་འཕྲལ་མྱུར་ཉེན་གཡོལ་ཟེར།

        འཕྲལ་མྱུར་ཉེན་གཡོལ་ཞེས་པ་ནི་སྐྱེ་བོ་རང་ཉིད་དམ་སྐྱེ་བོ་གཞན་གྱི་མི་ལུས་དང་རྒྱུ་ནོར་གྱི་ཁེ་དབང་ལ་འབྱུང་བཞིན་པའི་ཉེན་ཁ་མི་ཐེབས་པའི་ཆེད། འཕྲལ་མྱུར་ཉེན་གཡོལ་བྱ་སྤྱོད་མི་སྤེལ་ཀ་མེད་བྱུང་ནས་གནོད་སྐྱོན་བཟོས་པ་ལ་འགན་འཁྲི་མི་འཁུར་བའམ་འགན་འཁྲི་ཡང་དུ་གཏོང་བའི་གནས་ཚུལ་ལ་ཟེར།

ཉེན་ཁ་སྐབས་འགར་མིའི་བྱ་སྤྱོད་ལས་བྱུང་བ་དང་། སྐབས་འགར་རང་བྱུང་རྒྱུ་མཚན་ལས་བྱུང་བ་རེད།

གཉིས། བཅའ་ཁྲིམས་ཀྱི་དབྱེ་ཞིབ།

འཕྲལ་མྱུར་ཉེན་གཡོལ་གྲུབ་ཚུལ་གྱི་ཆ་རྐྱེན།

1.ངེས་པར་རང་ཉིད་དང་མི་གཞན་གྱི་མི་ལུས་དང་རྒྱུ་ནོར་གྱི་ཁེ་དབང་ལ་ཉེན་ཁ་མི་ཡོང་བའི་ཆེད་དུ་ཡིན་དགོས།

2.འབྱུང་བཞིན་པའི་ཉེན་ཁར་འཕྲལ་མྱུར་ཉེན་གཡོལ་གྱི་བྱ་སྤྱོད་སྤེལ་བ་ཡིན་དགོས།

3.ངེས་པར་མ་བྱས་ཐབས་མེད་ཀྱི་གནས་ཚུལ་འོག་སྤྱད་པའི་ཉེན་གཡོལ་བྱ་ཐབས་ཤིག་ཡིན་དགོས།

4.ཉེན་གཡོལ་གྱི་བྱ་སྤྱོད་དེ་དགོས་ངེས་ཀྱི་ཚད་ལས་བརྒལ་མི་ཆོག

གསུམ། བཅའ་ཁྲིམས་ཀྱི་གཞི་འཛིན་ས།

《དམངས་དོན་ཁྲིམས་གཞུང》གི་དོན་ཚན186པར། འཕྲལ་མར་ཉེན་གཡོལ་བྱས་པའི་རྐྱེན་གྱི་གནོད་སྐྱོན་བཟོས་པ་ཡིན་ན། ཉེན་ཁའི་གནས་ཚུལ་སློང་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས།

ཉེན་ཁ་དེ་རང་བྱུང་གི་རྒྱུ་རྐྱེན་ལས་བྱུང་བ་ཡིན་ན། འཕྲལ་མྱུར་ཉེན་གཡོལ་བྱེད་མཁན་གྱིས་དམངས་དོན་གྱི་འགན་འཁྲི་འཁུར་མི་དགོས། ཡིན་ན་ཡང་གུན་གསབ་འོས་འཚམ་སྤྲད་ཆོག

འཕྲལ་མྱུར་ཉེན་གཡོལ་བྱེད་ཐབས་སྤྱད་པ་འོས་འཚམ་མིན་པའམ་ཡང་ན་དགོས་ངེས་ཀྱི་ཚད་ལས་བརྒལ་བའི་རྐྱེན་གྱིས་མི་འོས་པའི་གནོད་སྐྱོན་བཟོས་པ་ཡིན་ན། འཕྲལ་མྱུར་ཉེན་གཡོལ་བྱེད་མཁན་གྱིས་དམངས་དོན་གྱི་འགན་འཁྲི་འོས་འཚམ་ཞིག་འཁུར་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1