ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་གཙོ་སྐྱོང་གནང་བ་དང་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།
ལག་གདང་སྦྲེལ་ནས་ཕན་ཚུན་ལྟ་སྐྱོང་དང་། ཐུན་མོང་འཕེལ་རྒྱས། ཡོངས་ཁྱབ་བདེ་འཇགས། མི་རབས་ནས་མི་རབས་བར་མཛའ་མཐུན་བཅས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་དགོས་པའི་ནན་བཤད་གནང་བ།
ཟླ་5ཚེས་19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ། འགོ་བརྗོད་དུ《ལག་གདང་སྦྲེལ་ནས་ཕན་ཚུན་ལྟ་སྐྱོང་དང་། ཐུན་མོང་འཕེལ་རྒྱས། ཡོངས་ཁྱབ་བདེ་འཇགས། མི་རབས་ནས་མི་རབས་བར་མཛའ་མཐུན་བཅས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་དགོས》ཞེས་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།
ཟླ་5ཚེས་19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ། འགོ་བརྗོད་དུ《ལག་གདང་སྦྲེལ་ནས་ཕན་ཚུན་ལྟ་སྐྱོང་དང་། ཐུན་མོང་འཕེལ་རྒྱས། ཡོངས་ཁྱབ་བདེ་འཇགས། མི་རབས་ནས་མི་རབས་བར་མཛའ་མཐུན་བཅས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་དགོས》ཞེས་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་དབུ་ཚོགས་ལ་ཞུགས་པ།
འདི་ག་ཚགས་པར་ཁང་དུ་ཤིས་ཨན་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་གཙོ་སྐྱོང་གནང་བ་རེད། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་དབུ་ཚོགས་ལ་ཞུགས་པ་རེད། གཙོ་བདག་ཚོས་མཛའ་མཐུན་གྱི་རྣམ་པའི་ཁྲོད་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་མཛའ་མཐུན་འགྲོ་འོང་བྱས་པའི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཉམས་མྱོང་ཕྱོགས་སྡོམ་གནང་བ། འབྱུང་འགྱུར་གྱི་མཉམ་ལས་ཁ་ཕྱོགས་ལ་རྒྱང་ལྟ་གནང་བ། ཚང་མས་འབྱུང་འགྱུར་ལ་དམིགས་ཏེ་ལག་གདང་སྦྲེལ་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུའི་མོས་མཐུན་གཅིག་མཐུན་གནང་བ་རེད།
ཟླ་5པའི་ཤིས་ཨན་དུ་མཛེས་སྡུག་རྣམ་པར་བཀྲ་ཞིང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། པ་ཧོ་གཙང་པོའི་ངོགས་ཀྱི་ཤིས་ཨན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ལྷབ་ལྷུབ་དུ་གཡོ་བའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་རྒྱལ་དར་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་ཚོགས་རྟགས་འོད་མདངས་ཕན་ཚུན་འཕྲོས་ནས། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རྒྱལ་ས་རྙིང་པར་ལོ་རྒྱུས་དང་འབྱུང་འགྱུར་མཉམ་དུ་འདྲེས་པའི་ཚོགས་འདུ་གཟབ་རྒྱས་ཤིག་བསུས་ཡོད།
ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་བདག་སྔ་རྗེས་སུ་ཕེབས་ཤིང་། ཞི་ཅིན་ཕིང་གིས་རྒྱལ་ཁབ་ལྔ་པོའི་གཙོ་བདག་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ། ལྷན་དུ་སྐུ་པར་ཡང་བསྐྱོན་པ་རེད།
ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་དངོས་སུ་འགོ་ཚུགས་པ་རེད།
ཞི་ཅིན་ཕིང་གིས་དང་ཐོག་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་ལྔ་པོའི་གཙོ་བདག་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོར་ཞུགས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས་འགོ་བརྗོད་དུ《ལག་གདང་སྦྲེལ་ནས་ཕན་ཚུན་ལྟ་སྐྱོང་དང་། ཐུན་མོང་འཕེལ་རྒྱས། ཡོངས་ཁྱབ་བདེ་འཇགས། མི་རབས་ནས་མི་རབས་བར་མཛའ་མཐུན་བཅས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་དགོས》ཞེས་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཤིས་ཨན་ནི་ཀྲུང་ཧྭའི་ཤེས་དཔལ་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་གནས་གལ་ཆེན་གྱི་གྲས་ཤིག་ཡིན་ལ། གནའ་བོའི་དར་གོས་ལམ་བུའི་ཤར་ཕྱོགས་ཀྱི་འགོ་འཛུགས་སའང་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་རིང་ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་མི་རིགས་ཁག་གི་མི་དམངས་དང་ལྷན་དུ་དར་གོས་ལམ་བུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ་མ་ཟད། འཛམ་གླིང་གི་ཤེས་དཔལ་སྤེལ་རེས་དང་། མཉམ་འདྲེས། སྣ་འཛོམས། གོང་སྤེལ་བཅས་ཀྱི་ཆེད་དུ་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཀྱང་ཕུལ་ཡོད། དེ་རིང་ང་ཚོ་ཤིས་ཨན་དུ་འཛོམས་ནས་ལོ་ངོ་སྟོང་གི་མཛའ་གྲོགས་རྒྱུན་མཐུད་པ་དང་འབྱུང་འགྱུར་གསར་རྐྱང་ཞིག་བཏོད་པ་དེར་དོན་སྙིང་གལ་ཆེན་ལྡན་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། 2013ལོར་ངས“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”མཉམ་དུ་སྐྲུན་རྒྱུའི་གྲོས་འགོ་བཏོན་པ་ཡིན། ལོ་10ཡི་རིང་ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་དར་གོས་ལམ་བུ་ཕྱོགས་ཡོངས་ནས་བསྐྱར་དར་ཡོང་བར་སྐུལ་འདེད་བཏང་བ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་མཉམ་ལས་གཏིང་ཟབ་ནུས་ཤུགས་ཡོད་རྒུས་བཏོད་དེ་ཕྱོགས་གཉིས་པོའི་འབྲེལ་བ་དུས་རབས་གསར་རྐྱང་ཞིག་ཏུ་འཕེལ་རྒྱས་བཏང་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བར་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ཟབ་མོ་དང་། དངོས་ཡོད་ཀྱི་དགོས་མཁོ་རྒྱ་ཁྱབ། དམངས་འདོད་ཀྱི་རྨང་གཞི་བརྟན་པོ་བཅས་ལྡན་པས་དུས་རབས་གསར་པར་སྐྱེ་སྟོབས་དང་གསོན་ཤུགས་དྲག་པོ་མངོན་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ཡིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ནི་ང་ཚོས་དུས་རབས་གསར་པའི་རྒྱབ་ལྗོངས་འོག་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལ་དམིགས་ནས་ལོ་རྒྱུས་རང་བཞིན་གྱི་གདམ་ག་བྱས་པ་ཞིག་རེད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་མཐའ་འཁྱོངས་བཞི་བྱེད་དགོས་པ་སྟེ།
གཅིག་ནི་ཕན་ཚུན་ལྟ་སྐྱོང་རྒྱུན་འཁྱོངས་བྱེད་དགོས། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་བདག་དབང་དང་། རང་བཙན། མི་རིགས་ཀྱི་ལ་རྒྱ། ཕུགས་ཀྱི་འཕེལ་རྒྱས་སོགས་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཁ་གསལ་གཏིང་གསལ་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ལག་གདང་སྦྲེལ་ནས་ཕན་ཚུན་ལྟ་སྐྱོང་དང་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གཅིག་མཐུན་འདུས་གྲུབ་ཅིག་སྐྲུན་དགོས།
གཉིས་ནི་ཐུན་མོང་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མཉམ་ལས་བྱེད་པའི་ཐད་མུ་མཐུད་མདུན་གྲལ་དུ་སྐྱོད་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་མཉམ་ལས་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། དབུལ་པོ་ཉུང་གཏོང་དང་ལྗང་མདོག་ཐཱན་ཉུང་སོགས་ཀྱི་འཕར་གཞི་གསར་པ་གཏོད་པ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་མཉམ་ལས་གཉིས་ཕན་དང་ཕན་ཚུན་གྲུབ་ཐོབ་ཀྱི་གཅིག་མཐུན་འདུས་གྲུབ་ཅིག་སྐྲུན་དགོས།
གསུམ་ནི་ཡོངས་ཁྱབ་བདེ་འཇགས་རྒྱུན་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་ཐུན་མོང་ཐོག་ལག་ལེན་བསྟར་བ་དང་། ཕྱི་རོལ་ཕྱོགས་གཏོགས་ཀྱིས་ས་ཁུལ་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ས་ཁུལ་དེའི་བདེ་འཇགས་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་འགལ་ཟླ་མེད་པ་དང་ཞི་བདེ་ཡུན་གནས་ཀྱི་གཅིག་མཐུན་འདུས་གྲུབ་ཅིག་སྐྲུན་དགོས།
བཞི་ནི་མི་རབས་ནས་མི་རབས་བར་མཛའ་མཐུན་མཐའ་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་བསྟར་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་ཚད་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་དམངས་དབར་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་རྨང་རྡོ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ཕན་ཚུན་རྒྱུས་མངའ་འཆམ་མཐུན་དང་བློ་སེམས་གཅིག་མཐུན་གྱི་གཅིག་མཐུན་འདུས་གྲུབ་ཅིག་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་དབུ་ཚོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་ལས་སྟེགས་གསར་པ་དང་མདུན་ལམ་གསར་པ་ཞིག་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་གཉེར་བ་དེ་གོ་སྐབས་སུ་བརྩིས་ནས་ཕྱོགས་ཁག་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་དེ་འཆར་འགོད་ཡག་པོ་དང་། འཛུགས་སྐྲུན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱེད་འདོད་ཡོད། གཅིག་ནས་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ནས་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ཁྱབ་ཆེ་རུ་གཏོང་བ། གསུམ་ནས་མཉམ་སྦྲེལ་མཉམ་མཐུད་ཟབ་ཏུ་གཏོང་བ། བཞི་ནས་ནུས་རྒྱུའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ལྔ་ནས་ལྗང་མདོག་གསར་གཏོད་ལ་སྐུལ་འདེད་གཏོང་བ། དྲུག་ནས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། བདུན་ནས་ཤེས་དཔལ་ཐད་ཀྱི་གླེང་མོལ་ལ་ཤུགས་སྣོན་རྒྱག་པ། བརྒྱད་ནས་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་བྱེད་པ་བཅས་བྱ་རྒྱུ་ཡིན།
མཇུག་ཏུ་ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ལྟེ་བའི་ལས་འགན་ཁ་གསལ་བཏོན་ཡོད། ང་ཚོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ་དེང་རབས་ཅན་གྱི་འདུ་ཤེས་དང་ལག་ལེན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་མཉམ་ལས་ལ་གོ་སྐབས་དེ་བས་མང་པོ་གཏོད་འདོད་ཡོད་ལ། རྒྱལ་ཁབ་དྲུག་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་མཉམ་རུབ་སྐུལ་འདེད་གཏོང་འདོད་ཀྱང་ཡོད། ང་ཚོས་ལག་གདང་དཔུང་སྦྲེལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཐུན་མོང་འཕེལ་རྒྱས་དང་། ཐུན་མོང་འབྱོར་ཕྱུག ཐུན་མོང་དར་རྒྱས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་དྲུག་པོའི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་མཉམ་དུ་བསུ་བ་ཞུ་དགོས།
ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་བདག་གིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱིས་གྲོས་འགོ་བཏོན་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཙོ་གཉེར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་ཕྱོགས་ཡོངས་ནས་མཉམ་ལས་བྱས་ནས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་གདེང་འཇོག་བཟང་པོ་གནང་བ་རེད། ཁོང་ཚོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་ལོ་ངོ་སྟོང་གི་མཛའ་མཐུན་དང་མཛའ་བརྩེ་ཟབ་མོ་ཡོད། ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ཡིད་ཆེས་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན་ལ། ཀྲུང་གོའི་གྲོགས་པོ་བློས་ཐུབ་ཅིག་ཀྱང་ཡིན། མིག་སྔར་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་བདེ་འཇགས་བརྟན་ལྷིང་འགན་ལེན་དང་ཚན་རྩལ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་ནི་རྒྱལ་ཁབ་ཁག་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་མེད་དུ་མི་རུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་དང་ཀྲུང་གོའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་དང་མཐུན་ཡོད་ལ། རྒྱལ་ཁབ་ཁག་གི་རྩ་བ་དང་ཕུགས་ཀྱི་ཁེ་ཕན་དང་ཡང་མཐུན་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་ལས་སྟེགས་གསར་པ་མཁོ་འདོན་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་དུས་རབས་གསར་པར་སླེབས་རྒྱུར་སྣེ་ཁྲིད་བྱས་ཡོད། ཀྲུང་གོས་ཨེ་ཤེ་ཡ་དབུས་མར་བཏོན་པའི་མཛའ་མཐུན་མཉམ་ལས་ཀྱི་སྲིད་ཇུས་ལ་ཕྱོགས་ཁག་གིས་དགའ་བསུ་ཞུས་པ་དང་བསྔགས་བརྗོད་བྱས་ནས་གཙོ་བདག་གི་ཕྱི་འབྲེལ་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་ལམ་སྲོལ་སྟོབས་ཆེར་གཏོང་བ་དང་། རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་རྒྱུ་དང་། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
རྒྱལ་ཁབ་ལྔ་པོའི་གཙོ་བདག་གིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་བདམས་པར་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་། རང་བཙན། བདེ་འཇགས། མངའ་ཁོངས་ཆ་ཚང་སོགས་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཏོད་པ་དང་དེ་བཞིན་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་ཚོས་ད་ཐེངས་ཀྱི་དབུ་ཚོགས་ཐོག་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དང་གྲུབ་འབྲས་དོན་འཁྱོལ་ནན་ཏན་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ། རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ས་ཁུལ་དེའི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ། ཚོང་དོན་མ་འཇོག་དང་། ཞིང་ལས། ནུས་རྒྱུ། ཚན་རྩལ། བདེ་འཇགས་བཅས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། མི་ཆོས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ། མཉམ་ལས་གཉིས་ཁེ་མངོན་འགྱུར་ཡོང་བ་བཅས་བྱས་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་བདག་དང《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་ཤིས་ཨན་བསྒྲགས་གཏམ》ལ་མཚན་རྟགས་བཀོད་པ་དང་འབྲེལ། 《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་གྲུབ་འབྲས་གསལ་ཐོ》ལ་གྲོས་འཆམ་ཡང་བྱུང་བ་རེད།
ཕྱོགས་ཁག་གིས་གྲོས་མོལ་བྱས་པ་བརྒྱུད་ཧ་སག་སི་ཐན་གྱིས་2025ལོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་གཙོ་གཉེར་བྱ་རྒྱུའི་གྲོས་ཐག་བཅད་པ་དང་ཀྲུང་གོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་རྒྱུན་བཙུགས་དྲུང་ཡིག་ཁྲུའུ་འཛུགས་རྒྱུའི་མོས་མཐུན་བྱས་པ་རེད།
ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་བདག་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
དབུ་ཚོགས་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་བདག་གིས་ལྷན་དུ་སེ་འབྲུའི་སྡོང་པོ་དྲུག་བཏབ་པ་དེ་ཐོག་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབར་གྱི་ལོ་ངོ་སྟོང་ཕྲག་རིང་གི་མཛའ་མཐུན་འགྲོ་འོང་ལ་དཔང་པོ་བྱས་ཡོད་ལ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབར་མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱེད་ལུགས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྱུང་འགྱུར་འབྲེལ་བ་ཡག་པོ་ཡོང་བའི་སྨོན་འདུན་ཞུ་ལུགས་ཀྱང་མཚོན་ཡོད།