གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །
བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །
མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །
མཁྱེན་གཟིགས་མཆོང་ལྷའི་དཔལ་མགོན་མཛོད། །
ས་འདིའི་ས་ངོ་མ་ཤེས་ན། །
རྨ་ཉིན་ཐང་གི་ཡར་མཐའ་རེད། །
ང་དང་ང་ངོ་མ་ཤེས་ན། །
ཕུ་ལུང་རྡོ་རྗེ་བྲག་ཟུར་ན། །
ཤན་པའི་ཁྲག་མཚོ་ཁོལ་མའི་དཀྱིལ། །
ངར་རྒོད་མཆོང་ལྷ་སྨུག་པོ་ཡིན། །
གནམ་ས་གཉིས་ཀྱི་ཐད་བར་ན། །
རྒྱ་བོད་གཉིས་ཀྱི་གཞུང་ཤིང་ལ། །
ལས་མི་སྲིད་ཕུང་གཞི་ཚབས་ཆེན་འདི། །
འཇོག་མཁན་སྐྱ་ལོའི་བུ་མོ་རེད། །
ཧོར་གླིང་ཁྲག་གི་སོ་ནམ་འདི། །
ལོ་ཨ་ལོང་བསྐོར་བསྐོར་བྱས་ནས་ཐལ། །
ཇ་མཁར་ཕྱུག་མོའི་སྒོ་བཞི་ནས། །
སྨན་ཁྱོད་ཀྱིས་མདའ་མོ་ཕྱོགས་བཞིར་འཕངས། །
མི་རྒོད་བརྒྱ་ཚོ་བཞི་རེ་བརླག །
ཚེ་གོས་སྟེང་ལ་ཁྲབ་དཀར་གྱོན། །
གཡུ་འཕྲེང་ཟུར་ན་རྨོག་དཀར་གོན། །
ལག་གདུབ་ཕག་ནས་གཞུ་འགུག་བྱེད། །
ལི་ཆབ་སྟེང་ནས་འཁོར་གསུམ་བསྐོར། །
འཇའ་རལ་གཤམ་ནས་ཤི་ལྕེབ་བྱས། །
ཤན་རྒོད་སྟག་གཟིག་ཕྱིར་འབྲོས་ཤོར། །
མ་ཐུབ་ཐང་རྩེའི་འདོམ་གྱིས་བཏབ། །
དེ་རྗེས་བར་གྱི་བཞག་སོ་ལ། །
ལྕགས་ནག་ཁམས་གསུམ་གྲོང་འཇོམས་དེ། །
ཧོར་དཀར་ཆགས་པའི་ཞོ་རུ་ཡིན། །
ཧོར་སེར་འཁོར་བའི་རྟེན་ཕུར་ཡིན། །
ཧོར་ནག་འཁོར་བའི་གྲིབ་བསིལ་རེད། །
འབེན་ལ་འཇོག་དགོས་ཡོད་དོ་ཟེར། །
མདའ་མིན་ཐོག་མིན་འཕངས་ནས་བྱུང་། །
སྒར་གྲུ་བཞི་འུར་སྒྲས་བཀང་ནས་བྱུང་། །
མི་ཤི་བོགས་འགྱེལ་མང་པོ་བཟོས། །
དེ་རྗེས་རྟིང་མའི་བཞག་སོ་ལ། །
རྒྱལ་པོ་གནམ་ལྷ་དཀར་པོ་འདི། །
རྒྱ་གར་རྒྱལ་པོའི་ཆོས་ཡ་ཡིན། །
རྒྱ་ནག་རྒྱལ་པོའི་ཁྲིམས་ཡ་ཡིན། །
གེ་སར་རྒྱལ་པོའི་དགྲ་ཡ་ཡིན། །
དྲང་ཐིག་གསེར་གྱི་རྒྱལ་པོ་ཡིན། །
འབྱུང་བ་བཞི་ཡི་ཁ་གནོན་རེད། །
ལོག་པའི་དུག་འདྲེན་ཕར་ལ་ཞོག །
ཕོ་རྒོད་མིག་གིས་ལྟ་ཕོད་མེད། །
དེ་སྟེ་ཁམས་གསུམ་འདྲེ་མོ་ཁྱོད། །
སེམས་རྩ་ནག་པོ་བདུད་ལ་བྱས། །
ངོ་སོ་དཀར་པོ་ལྷ་གཏམ་གླེང་། །
སྣོད་མཆོག་དཀར་ཡོལ་འབྲས་ཤེལ་བཟུང་། །
ནང་བཅུད་བཙན་དུག་ཆང་དང་སྦྱར། །
ཉི་ཟླ་ཐང་ལ་འབེབས་བསམ་རེད། །
ལས་ཕུང་མ་སྟོང་གསུམ་གྲོང་རྒྱུག་མ། །
བཞི་བཀྱིགས་ཨ་ལོང་སྐོར་སྐོར་གྱིས། །
ལྔ་བཀྱིགས་གྲུ་གུ་སྒྲིལ་སྒྲིལ་བྱེད། །
ཁྲིམས་ཤིང་དུག་རལ་རྩེ་ལ་ཐོགས། །
ཞག་མ་བདུན་གཅིག་མ་སོང་བར། །
ཟས་ཏིལ་འབྲུ་ཙམ་ཞིག་སྟེར་རྒྱུ་མིན། །
སྐོམ་ཆུ་ཐིགས་གཅིག་ཀྱང་ལྡུད་རྒྱུ་མིན། །
རླུང་ལྷགས་པའི་བཟའ་བཏུང་བསྒུགས་ནས་སྡོད། །
ཉི་ཟེར་དྲོད་ལ་གོས་གྱོན་གྱིས། །
ཟླ་བའི་བསིལ་མ་གདན་འདིང་གྱིས། །
སྡུག་ཤི་འཁྱག་ཤི་བཟོ་རྒྱུ་ཡིན། །
འཕུང་མོ་དམེ་གྱོད་རྩ་བ་འདི། །
ས་སྟེང་མ་འཇོག་ལས་སྤུས་གཙང་། །
དེ་སྔ་ཧོར་གླིང་ཇུས་རྟིང་ལ། །
རྒྱལ་སྲས་ཁྲི་བཙུན་གུར་སེར་དཔོན། །
ཟི་ར་ཐང་ནག་མན་ཆད་ནས། །
དེ་རིང་སྟོང་ཁྲི་ཡར་ལྷ་ཡན། །
མི་ཆེན་ཤན་པ་མགོ་བྱས་ཀྱི། །
ཧོར་ཁྲི་དམག་སུམ་ཅུ་བརླགས་ནས་ཐལ། །
སྤྱི་དཔོན་སྣང་ངུ་མན་ཆད་ནས། །
བློན་ཆུང་གུ་རུ་རྒྱལ་མཚན་ཡན། །
དཔའ་བརྟུལ་བློན་པོ་གཙོ་བྱས་པའི། །
གླིང་བརྒྱ་དམག་སུམ་ཅུ་ས་ལ་བརྡབས། །
རྩ་བ་འཕུང་མོ་ཁྱོད་ལ་ཐུག །
སྡིག་པ་དམེ་མོ་ཁྱོད་རང་ཁུར། །
ཁྲིམས་ཤིང་དུག་གི་རྩེ་ལ་སྐྱོན། །
སྒྲོལ་མ་དཀར་མོ་ཨེ་ཡིན་བལྟ། །
ཐག་ནག་ཞགས་པས་དམ་པོར་བཅིངས། །
མ་རྒྱུད་མཁའ་འགྲོས་ཨེ་སྲུང་བལྟ། །
བཟུང་བཏུང་མེད་པའི་མུག་ཤིང་སྒུགས། །
གེ་སར་རྒྱལ་པོས་ཨེ་ཕན་ལྟ། །
དགའ་བསམ་ཡོད་དམ་སྡུག་བསམ་ཡོད། །
ལ་ཆེན་གནའ་མིའི་གཏམ་དཔེ་ལ། །
ཆག་སྒོ་ནག་པོས་དེད་པའི་མི། །
བློ་དང་བྱ་ལག་གཞན་ལས་མང་། །
ཡོང་རྒྱུ་འཁོར་རྒྱུ་རིན་གྱིས་ཉོ། །
གཏམ་དེ་ལས་བདེན་པ་གོ་མ་མྱོང་། །
གླུ་འཁྲུལ་བ་སོང་ན་བཟོད་པར་བཞེས། །
ངག་འཆལ་བ་སོང་ན་མཐོལ་ལོ་བཤགས། །
འདིར་བཞུགས་ཐུགས་ལ་དེ་ལྟར་ཞོག །