སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་ནུབ་ཕྱོགས་ཀྱི་ཆོས་སྡེ་དགོན་པའི་མཐའ་སྐོར་དུ་རིང་ཞིང་སྦོམ་པའི་ཤུག་སྡོང་མང་པོ་ཡོད་ཅིང་། དམངས་ཁྲོད་ཀྱི་བཤད་ཚུལ་ལ་དེ་དག་ནི་དགོན་པ་བཞེངས་གྲུབ་བྱུང་དུས་བཙུགས་པ་རེད་ཟེར། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་འབའ་གཞས་ནང་གནའ་ཤུག་ཞིབ་འབྲི་བྱས་པའི་གཞས་ཚིག་བཀོད་ཡོད་པ་འདི་ལྟར་ཏེ། འབའ་ཐང་སྐྱིད་པའི་ལུང་ལ།།དབྱར་སྟོན་གཉིས་ལ་སྨིན་ཞིང་།། དགོན་པའི་བསྟན་པ་དར་ལ།། ཤུག་པས་མཐའ་ནས་བསྐོར་ཡོད་ཅེས་བྲིས་ཡོད། དགོན་པ་འདི་ནི་འབའ་ཆོས་སྡེ་དགོན་པ་རེད། སྔོན་དུས་སུ་འབའ་ཆོས་སྡེ་དགོན་པའི་མཚན་ལ་བསྟན་གླིང་དགོན་ཟེར།《འབའ་ཐང་རྫོང་གི་ལོ་རྒྱུས》དང་དགོན་པའི་མདུན་གྱི་རྡོ་རིང་དུ་བཀོད་པ་ལྟར་ན། 1659ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ངག་དབང་དགེ་ལེགས་འབའ་ཐང་དུ་མངགས་ནས་ལྷ་སའི་འབྲས་སྤུངས་དགོན་པའི་བློ་གསལ་གླིང་གི་བཀོད་པ་ལ་དཔེ་བྱས་ནས་དགོན་པ་བཞེངས་ཏེ་མཚན་ལ་དགའ་ལྡན་བསམ་འཕེལ་གླིང་གསོལ། ད་བར་ལོ358ཡོད། དེ་ལྟར་འདེད་རྩིས་བྱས་ན་གནའ་རབས་ཀྱི་ཤུག་པ་འདི་དག་ཀྱང་ལོ358ཡོད་ཅིང་། ཡུལ་དངོས་ནས་ཚད་ལེན་བྱས་པ་ལྟར་ན་གནའ་ཤུག་དེ་ཚོའི་སྦོམ་ཚད་ཚང་མ་སྨི་གཉིས་ཡན་ཡོད་པ་དང་། ཆེས་སྦོམ་ཤོས་ཀྱི་སྡོང་པོ་ཞིག་ལ་སྨི3.87ཡོད་པ་རེད། 1940ལོ་ནས1942ལོའི་བར་མཛད་པའི《འབའ་རྫོང་གི་ལོ་རྒྱུས་དཔྱད་ཡིག་ཐོག་མར་ཕྱོགས་བསྒྲིགས》ནང་བཀོད་པ་ལྟར་ན། སྐབས་དེ་དུས་དགོན་སྡེའི་ཕྱོགས་བཞིར་བསྡོམས་པས་ཤུག་སྡོང57ཡོད་པ་རེད། ཡང་དགོན་པའི་འདུ་ཁང་ཆེན་མོའི་ནང་ཉར་ཡོད་པའི1940ལོར་བླངས་པའི་འབའ་རྫོང་གི་རྫོང་མཁར་ཡོངས་ཀྱི་འདྲ་པར་ཞིག་གི་ནང་དུ་དགོན་པའི་མཐའ་འཁོར་གྱི་ཤུག་པ་དག་གསལ་བོར་མཐོང་ཐུབ། དེར་བརྟེན《འབའ་ཐང་རྫོང་གི་ལོ་རྒྱུས་དཔྱད་ཡིག་ཐོག་མར་ཕྱོགས་བསྒྲིགས》ནང་དོན་ངོ་མ་ཡིན་ལ་ཡིད་རྟོན་ཆོག་པར་ཚོད་དཔག་བྱེད་ཆོག ད་ལྟ་དགོན་པའི་མཐའ་འཁོར་གྱི་ཤུག་སྡོང33ཡོད་ཅིང་། ཤར་ངོས་སུ་ཉར་ཚགས་ཅུང་ལེགས་པོར་བྱས་པའི་ཤུག་སྡོང་ཁྱོན་བསྡོམས16ཡོད། དགོན་པའི་མདུན་དུ11ཡོད་པ་དང་སྔོན་གྱི་འབའ་ཐང་སློབ་འབྲིང་གི་མདུན་དུ5ཡོད། ཤུག་སྡོང་གཅིག་མ་གཏོགས་ཚང་མའི་སྦོམ་ཚད་སྨི་གཉིས་ཡན་ཡོད།བྱང་ནས་ལྷོའི་སྡོང་པོ་རྐང་ཨང་དང་པོ་བྱང་ནས་ལྷོའི་བར་གྱི་སྡོང་རྐང་དགུ་པ་ནི་ཆེས་སྦོམ་ཤོས་ཡིན་ལ་སྦོམ་ཚད་སྨི3.87ཡོད། ལྷོ་ཕྱོགས་སུ་སྡོང་རྐང8ཡོད་པ་ཚང་མ་འབའ་ཐང་སློབ་འབྲིང་གི་ཕྱི་རོལ་ཏུ་ཡོད་ཅིང་། ཆུ་འཁོར་ཤུལ་གྲོང་སྡེའི་ལམ་དང་ཡུལ་མིའི་ར་བའི་ནང་དུ་ཡོད་ལ་སྦོམ་ཚད་ཚང་མ་སྨི་གཉིས་ཡན་ཆད་ཡོད་ཅིང་། ཤར་ནས་ནུབ་གྱི་སྡོང་པོ་ཨང་གཉིས་པ་ཆེས་སྦོམ་ཞིང་། སྨི3.2ཡོད།ནུབ་ཕྱོགས་སུ་སྡོང་རྐང9ཡོད། ཁམས་ལྷོ་མཐོ་རིམ་སློབ་འབྲིང་དུ་རྐང་བཞི་དང་། སློབ་གྲྭའི་ར་བའི་ཕྱི་རོལ་ཏུ་རྐང་གསུམ་ཡོད། གཞན་རྐང་གཉིས་ཅུང་ཐག་རིང་དུ་ཡོད། ཆེས་ཐག་རིང་བའི་རྐང་གཅིག་ནི་ནུབ་བྱང་གི་མཚམས་སུ་ཡོད། བར་ཐག་སྨི་བརྒྱ་ལྷག་ཡོད། སྦོམ་ཚད་ཚང་མ་སྨི2ཡན་ཆད་ཡོད། བྱང་ནས་ལྷོའི་སྡོང་བོ་ཨང་ལྔ་པ་ཆེས་ཆེ་ཞིང་སྦོམ་ཚད་ལ3.17ཡོད། བྱང་ཕྱོགས་སུ་སྡོང་པོ་གཅིག་ཀྱང་ལྷག་མེད་པ་རེད། ལྷག་འཕྲོའི33ནང་གི་ཤར་ཕྱོགས་ཀྱི་སྡོང་རྐང་གཅིག་སྐམ་ཞིང་། བྱང་ནས་ལྷོའི་སྡོང་རྐང་གཉིས་སྐམ་ཡོད། དེ་ནི་ཤར་ནས་ནུབ་ཀྱི་རྐང་གསུམ་པ་དང་རྐང་བརྒྱད་པ་རེད། གྲོང་ཚོའི་རྒན་པོ་ཞིག་གིས་བཤད་པ་ལྟར་ན། ཁོ་རང་ཆུང་དུས་སུ་ལྷོ་ཕྱོགས་ཀྱི་རྐང་གཅིག་ལ་ཐོག་བརྒྱབ་ནས་བཀས་བ་མཐོང་མྱོང་ཟེར། ནུབ་ཕྱོགས་སུ་ཤུག་སྡོང་གཉིས་སྐམ་པ་དང་། སྡོང་པོ་གཅིག་ཀྱང་སྐམ་ལ་ཉེ། དེ་ཚང་མ་སློབ་གྲྭའི་ནང་དུ་ཡོད་པ་རེད། དེ་ལྟར་བརྩིས་ན་སྡོང་རྐང་ལྔ་སྐམ་རྗེས་ད་དུང28ལྷག་ཡོད། དེའི་ནང་སྡོང་པོ་གཅིག་ད་དུང་སྐམ་ཡོད་མེད་མི་ཤེས། 1940ལོ་ནས་བརྩིས་ན། ལོ་ངོ79ཙམ་གྱི་རིང་ལ་གནའ་ཤུག་སྡོང་བོ57གྱི་ནང་གི་ཕྱེད་ཀ་ཡན་ཆད་ང་ཚོའི་མཐོང་ལམ་ནས་ཡལ་སོང་བར་མ་ཟད། མང་པོ་ཞིག་ནི་མིས་བཟོས་པ་ཡིན་ཞིང་། དེང་སང་ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་སྐྱེས་བབ་བཟང་བའི་གནའ་ཤུག་འདི་དག་ལ་སྲུང་སྐྱོང་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་ལས་ཀ་ཡིན་ཞིང་། ལོ་ངོ350ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་ཤུག་དེ་དག་ནི་འབའ་ཐང་གི་རིག་དངོས་གསོན་པོ་དང་འབའ་ཐང་གི་ལོ་རྒྱུས་ཡུན་རིང་གི་དཔང་བོ། འབའ་ཐང་མཐོ་སྒང་ལྷོ་ཕྱོགས་ཀྱི་ཡུལ་ལྗོངས་མཚོན་བྱེད་ཡིན་ལ་འབའ་ཐང་གི་འོད་སྟོང་འབར་བའི་རིག་གནས་ཀྱི་ཆ་ཤས་ཤིག་ཀྱང་ཡིན་ཞེས་བརྗོད་ཆོག་པ་རེད།།