རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་རུ་མིས་ཇོ་མོ་གླང་མར་འཛེགས་ནས་ཚན་རིག་རྟོག་ཞིབ་ཐེངས་མང་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-25


འདི་ནི་ཟླ་5ཚེས་23ཉིན། ཚན་རིག་རྟོག་ཞིབ་ཀྱི་རི་འཛེག་རུ་མིས་ཇོ་མོ་གླང་མའི་ས་བབ་མཐོ་ཚད་སྨི་8830ཙམ་དུ་རང་འགུལ་གནམ་གཤིས་ས་ཚིགས་སྲུང་སྐྱོང་དང་རིམ་སྤོར་བྱེད་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་ཆུ་ཚོད་12དང་སྐར་མ་30ཙམ་ལ་2023ལོའི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི་རི་འཛེག་རུ་མི་13གྱིས་སའི་གོ་ལའི་རྩེ་མོ་ཇོ་མོ་གླང་མར་གྲུབ་འབྲས་ཐོབ་པའི་ངང་འཛེགས་ཡོད། དེ་རྗེས་ཁོང་ཚོས་རི་རྩེའི་གངས་འཁྱགས་ཀྱི་མ་དཔེ་འཚོལ་བསྡུ་སོགས་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་གལ་ཆེན་ལེགས་སྒྲུབ་བྱས་པ་རེད།

        དེ་ནི་རང་རྒྱལ་གྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱིས་2022ལོའི་རྗེས་སུ་སླར་ཡང་ས་བབ་མཐོ་ཚད་སྨི་8000ཡན་ཚད་བརྒལ་བྱུང་བ་ཞིག་རེད། ཉིན་དེར་ཚན་རིག་རྟོག་ཞིབ་རུ་མིས་ཇོ་མོ་གླང་མའི་རི་རྩེ་ནས་ཚན་རིག་གི་དཔྱད་ཆས་སྤྱད་དེ་ཇོ་མོ་གླང་མའི་རྩེ་མོར་གངས་འཁྱགས་ཀྱི་མ་དཔེ་འཚོལ་བསྡུ་བྱས་ནས་གནམ་གཤིས་འགྱུར་ལྡོག་གི་དམིགས་ཚད་ལ་དབྱེ་ཞིབ་བྱེད་པར་སྤྱོད་རྒྱུ་རེད།

        ཆུ་ཚོད་1ཙམ་རིང་ཛ་དྲག་ངང་ལས་ཀ་བྱས་པ་བརྒྱུད། གནམ་གཤིས་ས་ཚིགས་ཀྱི་ལྷུ་ལག་རིམ་སྤོར་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་རེད། ཁོང་ཚོས་བོད་ཀྱི་འཁོར་ཆུང་གངས་རི་འཁྱགས་རོམ་དང་ཇོ་མོ་གླང་མའི་སྒར་ས་ཆེན་པོ་སོགས་སུ་སྦྱོང་བརྡར་ཐེངས་10ལྷག་ཙམ་བྱས་ནས་མི་ཚང་མས་བཀོལ་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

        “རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་སྲུང་སྐྱོང་རིམ་སྤོར་ཐད་ཁོར་ཡུག་ཧ་ཅང་ཞན་པའི་འོག་གློག་རྫས་མུ་མཐུད་འདང་མིན་གྱི་གནད་དོན་ལ་བསམ་གཞིག་བྱས་ནས་ས་བབ་མཐོ་ཚད་སྨི་6500མན་གྱི་ལྟ་དཔྱད་ཚད་འཇལ་ས་ཚིགས་སུ་ཆར་ཆུ་འབབ་ཚད་ལ་ལྟ་དཔྱད་ཚད་འཇལ་བྱེད་མང་དུ་བཏང་སྟེ་དེ་བས་ཆ་ཚང་བའི་གནམ་གཤིས་ལྟ་དཔྱད་ཚད་འཇལ་གྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བྱས་ནས་ཚན་ཞིབ་མི་སྣས་ས་བབ་ཧ་ཅང་མཐོ་བའི་གནམ་གཤིས་འགྱུར་ལྡོག་གི་ཁྱད་ཆོས་དང་། འཁྱགས་རོམ། གངས་གསོག་གི་འགྱུར་ལྡོག་སོགས་ལ་ཞིབ་འཇུག་བྱེད་པར་རྨང་གཞིའི་གྲངས་གཞི་མཁོ་འདོན་བྱས་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲའོ་ཧྭ་པིའོ་ཡིས་བརྗོད།

        “འདི་ལོ་ཚན་རིག་རྟོག་ཞིབ་ལ་རིག་ཚན་གྱི་ཁེབས་ཁྱོན་དེ་བས་ཆེ་བ་ཡོད་པ་དང་། ཚན་རིག་རྟོག་ཞིབ་རུ་མི་ཚོའི་མཚོན་བྱེད་རང་བཞིན་དེ་བས་ཆེ་བ། དཔྱད་ཆས་དང་སྒྲིག་ཆས་ཀྱང་དེ་བས་རྩེར་སོན་པ། ལྷག་པར་དུ་ཟླ་དཔྱད་འདུ་འགོད་དང་མཉམ་ལས་གསར་གཏོད་ཀྱི་གློག་རྫས་གསར་པ་བཅས་ཡོད་པས་རི་རྩེའི་དམིགས་བསལ་ཁོར་ཡུག་གི་ཡོ་བྱད་དང་སྒྲིག་ཆས་འཁོར་སྐྱོད་ལ་བློས་འགེལ་ཆོག་པའི་ནུས་རྒྱུ་མཁོ་འདོན་བྱེད་རྒྱུ་རེད”ཅེས་2023ལོའི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་བྱ་ཡུལ་གྱི་སྤྱི་ཁྱབ་བཀོད་འདོམས་པ་ཨན་པའོ་ཁྲེང་གིས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1