གང་ཞིག་བསྟེན་ན་རང་གཞན་འགྲོ་བ་ཀུན། །
རྣམ་གྲོལ་ཐར་བའི་ལམ་དུ་འཁྲིད་མཛད་པ། །
རྒྱལ་ཀུན་ངུར་སྨྲིག་གར་གྱི་རྣམ་རོལ་པ། །
དངོས་དང་བརྒྱུད་པའི་བླ་མར་སྙིང་ནས་གུས། །
འཁོར་འདས་ཐམས་ཅད་སྟོང་བར་མ་གཟིགས་ཤིང་། །
རྟེན་འབྱུང་འདུས་བྱས་རྐྱང་བར་གོ་བ་སྟེ། །
འདི་གཉིས་ཉེ་རིང་ལམ་དུ་འཁྲུལ་བ་ནི། །
སྐུ་བཞིའི་རྒྱལ་སར་སྙེག་པའི་གེགས་སུ་གསུངས། །
དེའི་ཕྱིར་འཇམ་དཔལ་མི་ཡི་རྣམ་རོལ་པ། །
བློ་བཟང་གྲགས་པའི་དཔལ་གྱི་ལེགས་བཤད་ལ། །
འདི་འདྲའི་དཔྱད་པ་ཙམ་ལའང་ཞུགས་པ་ནི། །
དུས་མཐའ་འདི་རུ་སྐལ་བཟང་སྙམ་དུ་སྤྲོ། །
ཞེས་མཆོད་བརྗོད་སོགས་ཀྱིས་སྔོན་བསུས་ཏེ་གང་གླེང་བར་བྱ་བ་ནི་དཀར་མཛེས་བཀྲིས་བཤད་སྒྲུབ་ནོར་བུའི་གླིང་དུ་རྗེའི་གསུང་རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས་བརྩམས་ཏེ་དྲི་གཞི་བཅུ་བདུན་གནངས་པ་ལས་དང་བོ་ལ་རང་གི་འདོད་མོས་ཀྱིས་ལན་འདེབས་པ་ལ་སྤྲོ་བ་སྐྱེས། དེས་ན་འདི་ལ་ས་བཅད་བཞིས་འཆད་ན། དཔྱད་གཞིའི་རྩ་ཤེའི་ཊཱིཀ་ཆེན་གྱི་ལུང་དང་འབྲེལ་ནས་དགག་བྱ་ངོས་འཛིན་མདོར་བསྡུས་དང་། ལུང་དེའི་དོན་བཤད་པ། སྐབས་འདིའི་དགག་བྱ་འཛིན་པའི་བློ་དེ་ལྷན་སྐྱེས་ལ་མེད་ན་སྟོང་ཐུན་དང་མི་འགལ་ཚུལ་དང་། རིགས་ངོའི་དགག་བྱ་འཛིན་པའི་འཛིན་པ་དང་བདེན་འཛིན་ལྷན་སྐྱེས་གཉིས་ཀྱི་འཛིན་ཚུལ་མཚུངས་མིན་དང་བཞི། དང་བོ་ནི། ཐར་བར་འདོད་པའི་བོད་སྔ་ཕྱི་དང་ཐལ་རང་སོགས་གང་ཡིན་ཀྱང་འཁོར་བའི་རྩ་བ་མ་རིག་པ་དང་བདག་འཛིན་ལ་གཏུགས་ཀྱང་དེ་དག་གི་འཛིན་ཚུལ་ལ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རག་པར། །དེ་ཡིས་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པ་ལྟར་དགག་པ་གང་ཞིག་བློ་ཡུལ་དུ་འཆར་ཚེ་དགག་བྱ་ངོས་མ་ཟིན་པར་དགག་བྱ་དེ་བཀག་པའི་ཆ་རང་ལ་མི་ཤར་ཞིང་། སྤྱིར་དགག་བྱ་ལ་ལམ་གྱི་དགག་བྱ་དང་། རྟགས་ཡང་དག་གི་དགག་བྱ་དང་། རིགས་པའི་དགག་བྱ་སོགས་ཡོད་ལ་། འདི་དག་འདོད་ཚུལ་ནི་བོད་སྔ་ཕྱི་ལ་དགག་བྱ་ཁྱབ་ཆེ་བ་དང་ཆུང་བར་འདོད་ཚུལ་དང་གྲུབ་མཐའ་གོང་འོག་མི་འདྲ་བ་མང་ཡང་རང་རྒྱུད་པ་མན་ཆད་ཀྱིས་རང་གི་སྡོད་ལུགས་སུ་གྲུབ་པ་གཞི་བྱས་པའི་སྟེང་ནས་དགག་བྱ་བཙལ་བ་དང་། སྐབས་འདིར་ནི་རང་གི་སྡོད་ལུགས་ཀྱིས་ངོས་ནས་མ་གྲུབ་ཀྱང་ཐ་སྙད་མིང་རྐྱང་ཙམ་གྱིས་འཇོག་ཐུབ་པ་ནི་འདི་བའི་ཐུན་མིན་ཁྱད་ཆོས་སོ། །དེས་ན་འདིར་སྟོང་ཉིད་རྟོགས་པའི་ལམ་གྱི་དགག་བྱ་ངོས་འཛིན་དགོས་ལ། དེ་ལ་ཡང་གཞིའི་དགག་བྱ་དང་རིགས་དངོས་དགག་བྱ་གཉིས་ཡོད། དེ་གཉིས་ནི་རིམ་པ་བཞིན་གཞི་ཐམས་ཅད་ཀྱི་སྟེང་གི་དགག་བྱ་བདེན་པར་གྲུབ་པ་དེ་གཞིའི་དགག་བྱ་དང་ཟག་མེད་མཉམ་བཞག་ཡེ་ཤེས་ཀྱི་ངོར་ཀུན་རྫོབ་པའི་ཆོས་ཡོད་པ་དེ་རིགས་ངོའི་དགག་བྱ་རུ་འདོད་དོ། །
གཉིས་པ་ལ། རྩ་ཤེ་ཊཱིཀ་ཆེན་གྱི་ལུང་གི་དོན་ནི་སྐྱེ་འགག་སོགས་རང་བཞིན་གྱིས་མ་གྲུབ་པ་ལ་རྩོད་པ་དང་ལན་གཉིས་ལས་ལན་གྱི་སྐབས་སུ་ཡང་འོ་ན་ཁྱད་གཞི་འདུས་བྱས་རྟེན་འབྱུང་ལ་སྐྱེ་འགག་ཁྱད་ཆོས་བརྒྱད་དེ་ཁོ་ནའམ་གནས་ལུགས་སུ་གྲུབ་པ་འགོག་པའི་སྐབས་འདིར་ཟག་མེད་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་གྱི་དེ་ཁོ་ན་ལ་ལྟོས་པའི་དེ་དག་མེད་པ་ཅི་ཡིན་ཞེ་ན། ཁྱད་གཞི་འདུས་བྱས་རྟེན་འབྱུང་གང་ལ་འགག་སོགས་གང་ཡོད་པ་དེ་ཁྱད་གཞི་དེའི་རང་བཞིན་ནམ་གཤིས་ལ་གྲུབ་པ་འགོག་པ་ནི་རྟེན་འབྱུང་ལ་དེ་དག་དེ་ཁོ་ནར་གྲུབ་པ་འགོག་པའི་དོན་ནོ། །ཞེས་པ་ནི་སྤྱིར་འདུས་བྱས་རྟེན་འབྱུང་ལ་འགག་སོགས་བཀག་པ་མ་ཡིན་པར་མཉམ་བཞག་ཟག་མེད་ཡེ་ཤེས་ཀྱི་ངོར་ཀུན་རྫོབ་པའི་ཆོས་བཀག་པ་ཡིན་ལ་འཇུག་པའི་རྣམ་བཤད་ལས། འོ་ན་དབུ་མ་སྣང་བ་ལས་ཞེས་པ་ནས་དང་བོའི་དོན་དམ་དང་དེའི་ངོར་གྲུབ་པ་ཡང་ཡོད་ལ། ཕྱི་མའི་དོན་དམ་དང་དེར་ཡོད་པ་གཉིས་ཀ་ཡང་མི་སྲིད་དོ། །ཞེས་དང་། འོག་ཏུ་ཡང་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེས་ཕུང་སོགས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཕྱིར་དང་། ཕུང་སོགས་རྣམས་གཟིགས་ངོར་དེར་མ་གྲུབ་པ་དེ་དག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང་། ཞེས་པའི་ལུང་གོང་འོག་གཉིས་ཀྱི་དཔྱད་གཞི་དེ་ཡང་དོན་དམ་དཔྱོད་པའི་རིགས་ཤེས་ཀྱི་ངོ་ན་ཀུན་རྫོབ་པའི་ཆོས་མེད་པའི་དོན་ནོ། །སངས་འཕགས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཀུན་རྫོབ་པའི་ཆོས་རྟོགས་པས་སྐྱོན་འཕེན་པ་ནི་སངས་འཕགས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ལ་མིག་ཤེས་ཀྱི་གཟུང་བྱ་ཡིན་པས་མ་ཁྱབ་པ་དང་འདྲ་ཚུལ། ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་ལས། བུམ་པ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། མཐར་ཐུག་དཔྱོད་པའི་རྣམ་མཁྱེན་གྱིས་རྙེད་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པ་བཞིན་ནོ། ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དབུ་མ་ཆེན་མོ་ལས། འདོད་ན། རང་འགྲེལ་ལས། དངོས་པོ་བྱས་པ་ཅན་ལ་མ་རེག་པར་ཞེས་པ་ནས་སངས་རྒྱས་ཞེས་བརྗོད་དོ། །ཞེས་རྣམ་མཁྱེན་གྱིས་སྟོང་ཉིད་གཟིགས་ངོར་ཆོས་ཅན་མ་གཟིགས་པར་བཤད་པ་མ་ཡིན་པར་ཐལ་ལོ། །ཞེས་པ་ལྟར་ཡིན་པས་དེ་དག་གནད་གཅིག་གོ། །
གསུམ་པ་ནི། འོ་ན་སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། འདི་འདྲའི་ཁྱད་པར་གསུམ་ལྡན་ཞེས་པ་ནས་དོན་གྱི་འཛིན་སྟངས་མི་སྲིད་པའི་ཕྱིར་རོ། །ཞེས་པ་དང་མི་འགལ་ལམ་ཞེ་ན། དེ་ནི་མི་འགལ་དེ་སྔ་མ་རིགས་ངོའི་དགག་བྱ་དང་དེས་སྟོང་བ་ནི་རིགས་ངོའི་སྟོང་ཉིད་ཡིན་པ་དེ་མདོ་སྡུད་པ་སོགས་ངེས་དོན་གྱི་མདོ་དང་བསྟན་བཅོས་དུ་མ་ནས་གསུངས་ལ། ཕྱི་མ་སྟེ་སྟོང་ཐུན་ལས་གསུངས་པ་ནི་སྐབས་དོན་ཕྱོགས་སྔ་དགག་བྱ་ཁྱབ་ཆུང་བར་འདོད་མཁན་འགོག་སྐབས་དགག་བྱ་ངོས་འཛིན་མཐའ་བཅད་པའི་སྒོ་ནས་འཇོག་པའི་སྐབས་སུ་གང་རྣམ་པར་བཅད་པ་ན་དབུ་མའི་ལྟ་བ་མཐར་ཐུག་པར་ངེས་པར་འགྱུར་བའི་དགག་བྱ་ནི་རང་བཞིན་ཁྱད་པར་གསུམ་དང་ལྡན་པ་སྟེ་ཞེས་གསུངས་པ་ལྟར་གཞིའི་ལྟ་བ་སྤྱི་ཙམ་གཏན་ལ་འབེབས་པའི་སྐབས་ཀྱི་དགག་བྱ་ལ་ཁོ་འཛིན་པའི་འཛིན་པ་དེ་བདེན་འཛིན་ལྷན་སྐྱེས་སུ་འགྲོ་དགོས་པའི་དོན་ཡིན་པས་གསུམ་ལྡན་གྱིས་སྟོང་བར་ངེས་པ་དེ་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་བཟློག་ཕྱོགས་དངོས་མ་ཡིན་པའི་དོན་ཡིན་པ་ལས་དེ་ལས་གཞན་དུ་ཁོས་སྟོང་བ་སྟོང་ཉིད་ཡིན་ན་ཁོ་འཛིན་པའི་འཛིན་པ་དེ་བདེན་འཛིན་ལྷན་སྐྱེས་སུ་འགྲོ་དགོས་པས་མ་ཁྱབ་པོ། །
བཞི་བ་ནི། རྟེན་འབྱུང་གི་འགག་སོགས་ཟག་མེད་མཉམ་བཞག་ཡེ་ཤེས་ཀྱི་ངོ་བོར་ཡོད་པར་འཛིན་པ་དང་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་ཚུལ་ལ་ཁྱད་པར་ཡོད་དམ་ཞེ་ན། ཡོད་དེ་རིགས་ངོའི་བདེན་འཛིན་ལ་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་ཚུལ་ཚང་ཡང་དེ་ལྟར་འཛིན་མི་དགོས་པ་ནི། སྟོང་ཐུན་ལས། གཙོ་བོ་ནི་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་དུ་གྲུབ་པ་དགག་བྱ་ཡིན་ཞིང་། དེ་འགོག་པའི་ཡན་ལག་ཏུ་ཀུན་བཏགས་ཀྱིས་བཟུང་བ་ལྟར་གྲུབ་པ་དག་འགོག་པ་ཡིན་ལ།ཞེས་གསུངས་པ་ལྟར་ལ། དེ་མ་ཟད་གང་ཟག་གང་གི་རྒྱུད་ལ་ལྡན་མིན་གྱི་ཁྱད་པར་ནི་རིམ་པ་བཞིན་སྔ་མ་གྲུབ་མཐའ་ལ་བློ་ཁ་ཕྱོགས་པ་ཁོ་ནའི་རྒྱུད་ཀྱིས་བསྡུས་པ་དང་ཕྱི་མ་ནི་གྲུབ་མཐའ་ལ་བློ་ཁ་ཕྱོགས་མ་ཕྱོགས་ཐམས་ཅད་ལ་ཡོད་པས་ཀུན་ལྷན་གྱི་ཁྱད་པར་ཆེའོ། །དེ་ཡང་སྟོང་ཐུན་ལས། ཀུན་བཏགས་ནི་གྲུབ་མཐའ་སྨྲ་བས་དངོས་པོ་རང་བཞིན་གྱིས་གྲུབ་པའི་རྒྱུ་མཚན་མང་དུ་སྒྲོ་བཏགས་ནས། རང་བཞིན་གྱིས་གྲུབ་ཚུལ་འདི་འདྲ་བ་སྣ་ཚོགས་པ་དམ་བཅའ་བ་རྣམས་ཡིན་ལ། ལྷན་སྐྱེས་ནི་སེམས་ཅད་ཐམས་ཅད་ལ་ཐོག་མ་མེད་པ་ནས་ཁྱད་མེད་དུ་རྗེས་སུ་འབྲེལ་བ། རང་བློ་ཡུལ་དུ་གང་སོང་བའི་ཆོས་ཐམས་ཅད་ལ་རྒྱུ་མཚན་ཆེད་དུ་བསམ་མི་དགོས་པར་ཡུལ་གྱི་རང་ངོས་ནས་གྲུབ་པར་འཛིན་པའི་བློ་རང་གི་ངང་གིས་སྐྱེས་པ་སྟེ། ཞེས་གསུངས་པ་ལྟར་རོ། །རྟེན་འབྱུང་གི་སྐྱེ་འགག་སོགས་ཟག་མེད་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་གྱི་ཆོས་ཉིད་དམ་གཤིས་སུ་གྲུབ་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ནི་མི་སྲིད་དེ། སྟོང་གཞི་རྟེན་འབྱུང་གི་ཁྱད་ཆོས་སྐྱེ་འགག་སོགས་དང་འབྲེལ་ནས་གྲུབ་པར་འཛིན་པ་ནི་གྲུབ་མཐའ་ལ་བློ་ཁ་མ་ཕྱོགས་པའི་གང་ཟག་གི་བློ་ངོར་འཆར་བ་མེད་པས་སོ། །དེ་ཡང་གཉིས་ཚོགས་ཀྱི་སྟེང་ནས་འཇོག་པ་ལས་སྟོང་གཞི་ཕྲ་རགས་ཀྱིས་འཇོག་མི་ཐུབ་པ་ནི། དཔེར་ན། སྟོང་ཉིད་བདེན་པར་འཛིན་པའི་འཛིན་པ་ལ་ལྷན་སྐྱེས་ཡོད་པ་རྒྱུད་བླ་དར་ཊིཀ་དང་ཕར་ཕྱིན་གཟུང་འཛིན་རྟོག་གི་རིགས་པས་ཀྱང་འགྲུབ་པས་སོ། །
སྨྲས་པ།
ཡང་དག་དམ་པའི་བཤེས་ཀྱི་མན་ངག་དང་། །
གྲོགས་བཟང་རིགས་སྨྲའི་ངག་གི་ལྡེ་མིག་ལས། །
དོགས་པའི་རྣམ་གྲངས་མཚོན་པའི་རི་མོ་འདི། །
སོར་མོས་འདུ་བྱེད་བགྱིས་ལ་སྐལ་བ་བཟང་། །
འདི་ལྟར་བྲིས་པས་རྣམ་དགེ་བའི་མཐུས། །
རང་གཞན་མཁའ་མཉམ་འགྲོ་བ་མ་ལུས་པ། །
སྐྱེ་ཞིང་སྐྱེ་བར་འཇམ་མགོན་བླ་ཡིས། །
རྗེས་བཟུང་དམ་ཆོས་རྣལ་མས་འདའ་བར་ཤོག །
ཅེས་པ་ནི་མདོ་སྨད་རྔ་ཡུལ་སྒོ་མང་དགོན་གྱི་བཙུན་གཟུགས་ཙམ་འཛིན་པ་གྱང་མཁན་མཁས་གྲུབ་རྒྱ་མཚོར་འབོད་པས་སྤྱི་ལོ་2016.ཟླ་བ་09.ཚེས་པ་28 ཉིན་བྲིས་པས་དགེ་བར་སྨོན།