ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-07


ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།


ཟླ་6ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་དུ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་དུ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་འགོ་འཛུགས་ས་གསར་པར་རིག་གནས་དར་རྒྱས་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པར་ང་ཚོའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཞིག་ཡིན། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། འགན་འཁྲི་འཁུར་བ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་ཧུར་ཐག་བཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས།

        ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ཡག་པོ་འཚོག་ཆེད། ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་དང་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་ལ་རྟོག་ཞིབ་གནང་བ་རེད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་རྟོག་ཞིབ་ལ་ལྷན་དུ་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད།

        ཚེས་1ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཕེབས་ཊོར་བཞུགས་ནས་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་གཡན་ཧྲན་རི་བོའི་འདབས་སུ་ཆགས་པའི་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་ཀྲུང་དབྱང་སྤྱི་ཁྱབ་ཁང་དུ་ཕེབས་པ་རེད། ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་གིས་རྒྱལ་ཁབ་པར་གཞིའི་ཐོན་ཁུངས་འཆར་འགོད་མཐུན་སྦྱོར་དང་། ཡོངས་བཤེར་འཚོལ་བསྡུ། གནའ་གཞུང་ཉར་ཚགས་འགྲེམས་སྟོན། ཞིབ་འཇུག་སྤེལ་རེས། དྲིལ་བསྒྲགས་བེད་སྤྱོད་བཅས་ཀྱི་འགན་འཁུར་ཞིང་། ཀྲུང་དབྱང་སྤྱི་ཁྱབ་ཁང་དང་། ཤིས་ཨན་དང་། ཧང་ཀྲོའུ། ཀོང་ཀྲོའུ་བཅས་ཀྱི་ཡན་ལག་ཁང་བཙུགས་ཡོད། ཞི་ཅིན་ཕིང་དང་ཐོག་ཝུན་ཧྭ་ཁང་དུ་ཕེབས་ནས་པར་གཞི་ཁང་གི་འཆར་འགོད་འཛུགས་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གསན་པ་དང་སྦྲགས། རྒྱལ་ཁབ་དཔེ་ཁང་དང་། ཀྲུང་ཧྭའི་གནའ་བོའི་ཤེས་དཔལ་པར་གཞི་འགྲེམས་སྟོན། ཀྲུང་གོའི་དེང་རབས་ཕུལ་བྱུང་དཔེ་སྐྲུན་དངོས་པོ་དང་ཁྱད་ལྡན་པར་གཞི་འགྲེམས་སྟོན་བཅས་ལ་གཟིགས་སྐོར་གནང་བ་རེད། ཝུན་ཧན་ཐོག་ཁང་དུ་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཕུལ་བྱུང་པར་གཞི་འགྲེམས་སྟོན་ལ་ཞིབ་ཕྲ་གཟིགས་བཞིན་པར་གཞི་འཚོལ་བསྡུ་ལེགས་སྒྲིག་གི་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་བ་དང་འབྲེལ། ཐོག་སོ་ལྔ་པའི་གཡབ་སྟེང་དུ་ཕེབས་ནས་པར་གཞི་ཁང་གི་བཀོད་པ་ཡོངས་ལ་གཟིགས་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་ལན་ཐའེ་བྲག་ཕུག་མཛོད་དུ་ཕེབས་ནས“རྒྱ་བོད་སོག་མན་གྱི་བཀའ་བསྟན་འགྱུར་གྱི་པར་ཤིང་ལྷན་སྦྱར”དང“《མཛོད་བཞི་ཀུན་བཏུས》ལྷན་སྦྱར”མཛོད་འགྲེམས་ལ་གཟིགས་སྐོར་གནང་ནས་ཉར་ཚགས་བྱས་པའི་པར་གཞིའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭའི་ཤེས་དཔལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་རྒྱུན་འཛིན་བྱས་པའི་རྩ་ཆེའི་གནའ་གཞུང་པར་གཞི་འདི་དག་ལ་ངས་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་བསྐྲུན་པ་ནི་ངས་དོ་ཁུར་ཧ་ཅང་ཆེན་པོ་བྱེད་པ་དང་རང་ངོ་མས་ཆོག་མཆན་སྤྲད་པའི་རྣམ་གྲངས་ཤིག་ཡིན། ཐོག་མའི་བསམ་འདུན་དང་དམིགས་ཡུལ་ནི་ང་ཚོའི་ལོ་རྒྱུས་ཀྱི་དུས་མཚམས་འདིར་གནའ་སྔ་མོ་ནས་བཟུང་འཚོལ་བསྡུ་བྱས་པའི་གནའ་གཞུང་དཔྱད་ཡིག་འཚོལ་བསྡུ་ཆ་ཚང་བ་དང་སྲུང་སྐྱོང་ཡག་པོ་བྱས་ནས་འཛམ་གླིང་ཐོག་རྒྱུན་ཆད་མྱོང་མེད་པའི་ཤེས་དཔལ་འབའ་ཞིག་དེ་མུ་མཐུད་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན། བསྐལ་པ་བཟང་དུས་རིག་གནས་སྐྱོང་ཞེས་པ་ལྟར། ང་ཚོའི་དུས་རབས་འདིར་རྒྱལ་ཁབ་དར་རྒྱས་དང་སྤྱི་ཚོགས་དུས་བདེ་བརྟན་ལྷིང་ཡིན་པས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་རེ་འདུན་ཡོད་ལ་ནུས་པའང་ཡོད། དེར་བརྟེན་དོན་ཆེན་འདི་ལེགས་པར་སྒྲུབ་དགོས། ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་གི་འཛུགས་སྐྲུན་དང་དོ་དམ་ལ་ངས་ཁས་ལེན་དང་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་པར་གཞི་ཁང་གི་ལས་འགན་གཙོ་བོ་ནི་ཉར་ཚགས་བྱེད་རྒྱུ་དེ་ཡིན་པས། ཉར་ཚགས་གཙོ་བོར་བཟུང་ནས་ལོ་རྒྱུས་ཀྱི་གནའ་གཞུང་པར་གཞི་འཚོལ་བསྡུ་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམ་དབྱེ་རིགས་དབྱེའི་ངང་སྲུང་སྐྱོང་ཡག་པོ་བྱེད་དགོས། དེ་དང་དུས་མཚུངས་ཉར་ཚགས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་གནའ་གཞུང་གི་པར་གཞི་བསྡུ་ཉར་ལས་དོན་སྔར་ལས་ཡག་པོ་སྒྲུབ་དགོས། ལས་དོན་གཙོ་བོ་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཕྱོགས་གང་ཅིའི་ཐད་ཀྱི་ལོ་རྒྱུས་གནའ་གཞུང་གི་པར་གཞི་ཞིབ་འཇུག་དང་སྔོག་འདོན་ཡག་པོ་བྱེད་པར་གཞོགས་འདེགས་བྱེད་དགོས། མདོར་ན། ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་འཛུགས་སྐྲུན་བྱ་རྒྱུ་ནི་ཤེས་དཔལ་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་ལས་གྲྭ་ཞིག་ཡིན་ལ། བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་མཚོན་བྱེད་རང་བཞིན་གྱི་རིག་གནས་ཀྱི་ལས་གྲྭ་ཞིག་ཀྱང་རེད།

        ཚེས་2ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཕེབས་ཊོར་བཞུགས་ནས་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་དུ་ཕེབས་པ་རེད། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགན་འཁྲི་གཙོ་བོ་ནི་རྒྱལ་ཡོངས་ཀྱི་ལོ་རྒྱུས་ཞིབ་འཇུག་ལས་དོན་ལ་སྤྱི་འདོམས་མཛུབ་ཁྲིད་བྱེད་པ་དང་། ཐོན་ཁུངས་དང་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་འཆར་འགོད་བཟོ་རྒྱུ། རྒྱལ་ཁབ་ཀྱི་ལོ་རྒྱུས་རིགས་པའི་རིག་གཞུང་རྣམ་གྲངས་གལ་ཆེན་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་བཅས་རེད། ཞི་ཅིན་ཕིང་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་སྔ་རྗེས་སུ་ཤེས་དཔལ་གྱི་འབྱུང་ཁུངས་དང་ཀྲའེ་ཙེ་ཀྲུང་གོའི་ཆེད་དོན་འགྲེམས་སྟོན་ལ་གཟིགས་སྐོར་གནང་ནས་རྡོ་ཆས་གསར་པའི་དུས་རབས་དང་ཞ་ཧྲང་ཀྲོའུ་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གལ་ཆེན་མཁྱེན་རྟོགས་གནང་བ་དང་འབྲེལ། འབྲེལ་ཡོད་ཞིབ་འཇུག་ལས་དོན་གྱི་འཕེལ་རིམ་སྐོར་བཀའ་འདྲི་ཡང་ཡང་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཉར་ཚགས་བྱས་པའི་དཔེ་རྙིང་རྩ་ཆེན་དང་ཚད་ལྡན་ཡིག་ཚགས་ཁག་གཅིག་ལ་གཟིགས་ཞིབ་གནང་བ་དང་འབྲེལ། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཚན་ཞིབ་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟེགས་མདུན་དུ་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་པ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་ཤེས་རྟོགས་དང་རྒྱ་ཆེ་གཏིང་ཟབ་ཀྱི་ཀྲུང་ཧྭའི་རིག་གནས་ཤེས་རྟོགས་བྱེད་པར་གནའ་རྫས་རྟོག་ཞིབ་རིག་པ་དང་ཁ་འབྲལ་ཐབས་མེད། “ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་དང་ཐོག་མའི་དུས་ཀྱི་འཕེལ་རྒྱས་ཕྱོགས་བསྡུས་ཞིབ་འཇུག”དང“ཀྲུང་གོར་གནའ་རྫས་རྟོག་ཞིབ་བྱེད་པ”སོགས་ཀྱི་རྣམ་གྲངས་གལ་ཆེན་ལག་བསྟར་ཡག་པོ་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་ལ་ཞིབ་འཇུག་དང་གསལ་འགྲེལ་ཡག་པོ་བྱེད་དགོས། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་བཙུགས་ནས་ལོ་4ལྷག་ཙམ་སོང་ཚུན། རྒྱལ་ཁབ་རིམ་པའི་ཚན་ཞིབ་རྣམ་གྲངས་གལ་ཆེན་དང་རིག་གཞུང་འདུ་འགོད་རབ་དང་རིམ་པ་སྒྲིག་འཛུགས་དང་ལག་བསྟར་བྱས་པར་སྤུས་ཚད་མཐོ་བའི་གྲུབ་འབྲས་ཁག་གཅིག་ཐོབ་པས་ཁས་ལེན་བྱེད་འོས་པ་ཞིག་ཡོད། ཁྱེད་ཚོས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གྱིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་རྒྱུས་ཞིབ་འཇུག་ལས་དོན་པ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཞིབ་འཇུག་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཀྲུང་གོའི་ལོ་རྒྱུས་རིག་པའི་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

        རྟོག་ཞིབ་གནང་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་དུ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཚོགས་འདུར་པེ་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དབྱང་ཀེང་དང་། པེ་ཅིང་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཝང་པོ། ཆིང་ཧྭ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཕེང་ཀང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་མཐའ་མཚམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཤིང་ཀོང་ཁྲེང་། ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ཏི་ཨན། ནན་ཅིང་སློབ་ཆེན་མི་ཆོས་རིག་གནས་སྤྱི་ཚོགས་ཚན་རིག་གི་བསླབ་པ་རྒན་གྲས་དགེ་རྒན་ཆེ་མོ་བ་མོ་ལི་ཧྥུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།

        ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་གོའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀྲུང་ཧྭའི་ཤེས་དཔལ་རྒྱ་ཆེ་ཞིང་གཏིང་ཟབ་མོ་ཡོད། ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་ཕྱོགས་ཡོངས་ནས་ཤེས་རྟོགས་གཏིང་ཟབ་བྱས་ཚེ་གཞི་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་དངོས་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་སྤེལ་ལ་དེ་བས་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་དེ་བས་སྐུལ་འདེད་ནུས་ལྡན་ཐེབས་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་ཐུབ་ཅེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གཞི་རྒྱུ་གལ་ཆེན་མང་པོ་ལྡན་པ་དེ་དག་གིས་ཐུན་མོང་ཐོག་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་བཏོད་ཡོད། ཀྲུང་ཧྭའི་ཤེས་དཔལ་ལ་རྒྱུན་མཐུད་ཀྱི་རང་བཞིན་མངོན་གསལ་དོད་པོ་ཡོད་པ་དེས་རྩ་བའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱིས་རང་ཉིད་ཀྱི་ལམ་བུར་བསྐྱོད་ངེས་ཡིན་པ་གཏན་འཁེལ་བྱས་ཡོད། གལ་ཏེ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་རྒྱུན་མཐུད་རང་བཞིན་གྱི་ཐོག་ནས་ཀྲུང་གོ་ཤེས་རྟོགས་མ་བྱས་ཚེ། གནའ་རབས་ཀྱི་ཀྲུང་གོར་རྒྱུས་ལོན་མི་ཐུབ་པ་དང་དེང་རབས་ཀྱི་ཀྲུང་གོར་རྒྱུས་ལོན་མི་ཐུབ་ལ། འབྱུང་འགྱུར་གྱི་ཀྲུང་གོར་དེ་བས་ཀྱང་རྒྱུས་ལོན་མི་ཐུབ། ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་གསར་གཏོད་རང་བཞིན་ལྡན་པ་དེས་ཀྲུང་ཧྭ་མི་རིགས་ཀྱིས་དྲང་གཞག་སྲུང་བ་དང་རྙིང་ཞེན་མི་བྱེད་པ་དང་། གནའ་བོའི་རིག་གནས་ལ་བརྩི་འཇོག་བྱེད་པ་ལས་གནའ་བོའི་རིག་གནས་འདྲ་བཟོ་མི་བྱེད་པའི་ཡར་བརྩོན་གྱི་སྙིང་སྟོབས་རྩ་བའི་ཐོག་ནས་གཏན་འཁེལ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་འགྲན་སློང་གསར་པར་མི་སྐྲག་པ་དང་བྱ་དངོས་གསར་པ་དང་ལེན་བྱེད་ཕོད་པའི་ཞུམ་མེད་ཀྱི་གཤིས་རྒྱུད་གཏན་འཁེལ་བྱས་ཡོད། ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་གཅིག་གྱུར་རང་བཞིན་ལྡན་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཁག་གི་རིག་གནས་གཞི་གཅིག་ཏུ་འདུས་པ་དང་འགོག་རྐྱེན་ཆེན་པོ་འཕྲད་ཀྱང་བརྟན་པོའི་ངང་གོང་བུ་གཅིག་ཏུ་འགྲིལ་རྒྱུ་རྩ་བའི་ཐོག་ནས་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་ཁ་མི་འབྲལ་བ་དང་། རྒྱལ་ཁབ་ཟང་ཟིང་དུ་མི་གྱུར་བ། མི་རིགས་ཁ་འཐོར་དུ་མི་འགྲོ་བ། ཤེས་དཔལ་གྱི་རྒྱུན་མི་ཆད་པ་བཅས་ཀྱི་ཐུན་མོང་གི་དད་སེམས་གཏན་འཁེལ་བྱས་པ། རྒྱལ་ཁབ་གཅིག་གྱུར་ནི་དུས་ནམ་ཡང་ཀྲུང་གོའི་ལྟེ་བའི་ཁེ་ཕན་གྱི་ལྟེ་བ་ཡིན་པ་གཏན་འཁེལ་བྱས་པ། འགྱུར་མེད་སྟོབས་ལྡན་དང་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ནི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་དང་དམ་པོར་སྦྲེལ་བ་གཏན་འཁེལ་བྱས་ཡོད། ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་བསྟུན་མཁས་རང་བཞིན་ལྡན་པ་དེས་ཀྲུང་ཧྭ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་རྩ་བའི་ཐོག་ནས་གཏན་འཁེལ་བྱས་པ་དང་། ཀྲུང་གོའི་ཆོས་ལུགས་ཁག་གི་དད་མོས་སྣ་མང་མཉམ་གནས་ཀྱི་ཞི་མཐུན་རྣམ་པ་གཏན་འཁེལ་བྱས་པ། ཀྲུང་ཧྭའི་རིག་གནས་ཀྱིས་འཛམ་གླིང་གི་ཤེས་དཔལ་མཉམ་བསྡུ་མཉམ་གསོག་གི་ཁོང་ཡངས་གཏན་འཁེལ་བྱས་ཡོད། ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་ཞི་བདེའི་རང་བཞིན་ལྡན་པ་དེས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་ཡིན་པ་རྩ་བའི་ཐོག་ནས་གཏན་འཁེལ་བྱས་པ་དང་། ཀྲུང་གོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཟམ་མི་ཆད་པར་དོན་གཉེར་བྱེད་པ་ལས་རིག་གནས་བཙན་དབང་མི་བྱེད་པ་གཏན་འཁེལ་བྱས་པ། ཀྲུང་གོས་རང་ཉིད་ཀྱི་རིན་ཐང་ལྟ་བ་དང་ཆབ་སྲིད་སྒྲིག་སྲོལ་གཞན་ལ་བཙན་འགེལ་མི་བྱེད་པ་གཏན་འཁེལ་བྱས་པ། ཀྲུང་གོས་མཉམ་ལས་མཐའ་འཁྱོངས་བྱེད་པ་དང་ཁ་གཏད་དུ་མི་ལངས་བ་དང་། “ཤོག་ཁག་མི་སྒྲིག་པ”གཏན་འཁེལ་བྱས་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་གྱི་རྨང་གཞི་བརྟན་པོའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་སྟེ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་ནི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། འདི་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་རིང་ཐོབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡིན་ལ། ང་ཚོར་རྒྱལ་ཁ་ཐོབ་པའི་ཐབས་མཆོག་ལེགས་ཤོས་དེ་ཡང་ཡིན། གཅིག་ནས“ཟུང་འབྲེལ”གྱི་སྔོན་འགྲོའི་ཆ་རྐྱེན་ནི་ཕན་ཚུན་གཅིག་མཐུན་ཡོང་བར་བྱེད་རྒྱུ་དེ་རེད། མར་ཁེ་སི་རིང་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་མི་འདྲ་ཡང་ཕན་ཚུན་དབར་ཚད་མཐོའི་གཅིག་མཐུན་རང་བཞིན་ལྡན་ཡོད། ཕན་ཚུན་མཐུན་ན་ད་གཟོད་ཟུང་འབྲེལ་དམ་ཟབ་ཡོང་ཐུབ། གཉིས་ནས“ཟུང་འབྲེལ”གྱི་འབྲས་བུ་ནི་ཕན་ཚུན་རམ་འདེགས་ཐུབ་ནས་གཅིག་གྱུར་དམ་ཟབ་ཀྱི་རིག་གནས་ཀྱི་ཚེ་སྲོག་འདུས་གྲུབ་གསར་པ་ཞིག་བཏོད་དེ། མར་ཁེ་སི་རིང་ལུགས་ཀྲུང་གོའི་རིག་གནས་སུ་གྱུར་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེང་རབས་ཀྱི་རིག་གནས་སུ་གྱུར་པ། “ཟུང་འབྲེལ”བྱས་ནས་གྲུབ་པའི་རིག་གནས་གསར་པ་ཀྲུང་གོའི་ལུགས་ཀྱི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་གྱུར་པ་བཅས་བྱུང་ཡོད། གསུམ་ནས“ཟུང་འབྲེལ”གྱིས་བགྲོད་ལམ་གྱི་རྨང་གཞི་བརྟན་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་སྔར་བས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལོ་རྒྱུས་ལྡན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་རིག་གནས་རྨང་གཞི་བརྟན་དུ་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭའི་ཤེས་དཔལ་ལ་དེང་རབས་ཀྱི་སྟོབས་ཤུགས་སྦྱིན་པ་དང་ཀྲུང་ཧྭའི་ཤེས་དཔལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྨང་གཞི་ཟབ་མོ་བཏིང་ཡོད། བཞི་ནས“ཟུང་འབྲེལ”གྱིས་གསར་གཏོད་ཀྱི་བར་མཐོངས་བཏོད་པས། ང་ཚོས་བསམ་བློ་དང་རིག་གནས་ཀྱི་རང་འགུལ་སྟངས་འཛིན་ཐུབ་པ་དང་འབྲེལ། འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས་བཅས་ལ་ནུས་པ་ངེས་ཅན་ཐོན་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི“ཟུང་འབྲེལ་གཉིས་པ”ནི་བསམ་བློར་བཅིངས་འགྲོལ་བསྐྱར་མ་གཏོང་བ་ཞིག་ཡིན་པས་ང་ཚོས་སྔར་ལས་རྒྱ་ཆེ་བའི་རིག་གནས་ཀྱི་བར་མཐོངས་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་ཆེའི་ཐོན་ཁུངས་གང་ལེགས་སྤྱོད་ཐུབ་པ་དང་། འབྱུང་འགྱུར་ལ་ཕྱོགས་པའི་རིགས་པའི་གཞུང་ལུགས་དང་ལམ་ལུགས་གསར་གཏོད་དང་འཚོལ་ཞིབ་བྱེད་ཐུབ། ལྔ་ནས“ཟུང་འབྲེལ”གྱིས་རིག་གནས་ཀྱི་བྱེད་པོའི་རང་བཞིན་བརྟན་དུ་བཏང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་བཏོད་པ་ནི་རིག་གནས་འདིའི་བྱེད་པོའི་རང་བཞིན་གྱི་མཚོན་ཚུལ་ནུས་ལྡན་ཞིག་རེད། “ཟུང་འབྲེལ་གཉིས་པ”ནི་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་དང་། ཀྲུང་ཧྭའི་ཤེས་དཔལ་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་པ་ཞིག་ཡིན་པས། རང་རེའི་ཏང་གིས་ཀྲུང་གོའི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས་བཅས་ལ་འཛིན་པའི་ངོས་འཛིན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་། རང་རེའི་ཏང་གི་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ། རང་རེའི་ཏང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་རིང་རིག་གནས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བཅས་མཚོན་ཡོད།

        ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་དང་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་ལུགས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་རིག་གནས་འཛུགས་སྐྱོང་དེ་སྤྱི་ཡོངས་ཀྱི་ལས་ཀའི་གནས་བབ་གལ་ཆེན་ཐོག་བཞག་ནས་རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། ལྟ་བ་གལ་ཆེན་དེ་དག་ནི་དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྱོང་ལ་འགོ་ཁྲིད་པའི་ལག་ལེན་དང་ཉམས་མྱོང་ཐད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་དང་། དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་བརྩི་སྲུང་ཞུ་ཡུལ་ཡིན་པས། ངེས་པར་དུ་ཡུན་རིང་ལག་བསྟར་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རིག་གནས་དར་རྒྱས་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བར་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་ལག་ལེན་རླབས་པོ་ཆེ་དང་དེང་རབས་ཀྱི་ལག་ལེན་ལ་གཞི་ཚུགས་པ། ཀྲུང་གོའི་གནས་ལུགས་ལ་བརྟེན་ནས་ཀྲུང་གོའི་ཉམས་མྱོང་ཕྱོགས་སྡོམ་ཡག་པོ། ཀྲུང་གོའི་ཉམས་མྱོང་ཀྲུང་གོའི་རིགས་པའི་གཞུང་ལུགས་སུ་རིམ་སྤོར་བཅས་བྱས་ནས། བསམ་པའི་ཐོག་གི་རང་ཚུགས་རང་བདག་ཡོང་བར་བྱེད་དགོས། སྒོ་དབྱེ་བསྟུན་མཁས་རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་མཐའ་འཁྱོངས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས། ཕྱི་དར་རིག་གནས་རང་ས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་གསར་གཏོད་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་གཞུང་འཁྱོངས་གསར་འབྱེད་ཀྱི་སྲོལ་བཟང་དང་ངར་ཤུགས་ལ་བརྟེན་ནས་ལོ་རྒྱུས་རིག་གནས་ཀྱི་རྩ་བ་རྒྱུན་འཛིན་དང་དེང་རབས་ཀྱི་ངོ་མཚར་ཆེ་བའི་ལེའུ་རྩོམ་དགོས།

ཟླ་6ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་དུ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་མ་འཚོག་གོང་། ཚེས་1ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་དུ་རྟོག་ཞིབ་གནང་སྐབས་ལན་ཐའེ་བྲག་ཕུག་མཛོད་དུ་ཉར་ཚགས་བྱས་པའི་ཕུལ་བྱུང་པར་གཞིའི་སྲུང་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1