རིག་པའི་རྩེད་འཇོའི་འདའ་བའི་ལང་ཚོ་ཡི་མེ་ཏོག །
ཤེས་བྱའི་སྒོ་མང་འབྱེད་པའི་འདབ་བརྒྱ་དེ་གྲོལ་ནས། །
ལུགས་ཟུང་གསེར་གྱི་འཁོར་ལོའི་རྩིབས་སྟོང་གིས་བཀྲ་བའི། །
དཔྱོད་ཤེས་རིག་པའི་དཔའ་བོའི་སྙིང་སྟོབས་དེ་ངོ་མཚར། །
སྒེག་ཆགས་ཉམས་བརྒྱ་འབར་བའི་འོག་པག་གི་དྲ་བ། །
ཨེ་ཀའི་བྱིས་ཆུང་སྐད་འབྱིན་སིང་སིང་གི་དྲིལ་བརྡ། །
ལྡེམ་འགྱུར་སྐེད་སྐབས་ཕྲ་བའི་གོམ་སྟོབས་ཀྱི་འོག་ནས། །
ཟུར་མིག་ལྕགས་ཀྱུས་འདེབས་པའི་ཟུག་རྔུ་དེ་མ་བཟོད།།
སྙིང་སྡུག་གཏམ་གྱི་དབྱར་སྐྱེས་རྔ་གསང་དེ་སྒྲོག་ཚེ། །
སྒེག་འཛུམ་ཞལ་གྱི་པདྨོའི་འདབ་བརྒྱ་དེ་གྲོལ་ནས། །
ལྗགས་བཟང་བུང་བའི་མགྲིན་པའི་རྫ་རྔ་དེ་འཁྲོལ་ཡང་། །
ཐོས་འཛིན་སེམས་སུ་དཔའ་བའི་བུ་ཆུང་དེ་སྐྱེངས་སོང་། །
མཛེས་སྡུག་སྙིང་གི་ལང་ཚོའི་བཀྲག་མདངས་ཀྱི་གཞལ་ཚོན། །
མྱོས་བྱེད་སྟོང་གིས་གཏམ་པའི་བག་ཆགས་འདི་མེད་ན། །
དྲི་མེད་སེམས་སུ་ཤར་བའི་རི་མོ་དེ་ཡལ་ནས། །
ཉོན་མོངས་གཡུལ་ལས་རྒྱལ་བའི་རྒྱལ་ཐབས་ཤིག་སྐྱོང་སྙམ།།
ཤ་ཁྲག་སྒྱུ་མའི་ལུས་ཀྱི་གྲོང་ཁྱེར་གྱི་དབུས་ན། །
ལུས་མེད་སྟོང་སེམས་དྲན་པའི་ཕོ་བྲང་དུ་སྡོད་ཀྱང་། །
རླུང་སེམས་ཕུ་བོ་རྣམ་གཡེང་ཐང་ཆེན་དུ་འགྲིམ་སྟེ། །
ཀུན་ཉོན་སྲིད་པའི་བུ་མོའི་ལྟེ་འོག་ཏུ་བསླུས་སོང་། །
འཇམ་མཉེན་མཆུ་སྒྲོས་པདྨའི་ཡལ་འདབ་ཀྱི་རྩེ་ནས། །
རོ་འཛིན་བུང་བ་གཞོན་ནུའི་བག་ཆགས་ཀྱི་རྣམ་འཕྲུལ། །
ཚེམས་ཕྲེང་མུ་ཏིག་དཀར་པོའི་གེ་སར་ལ་རོལ་བའི། །
མཚར་སྡུག་མིག་གི་རྒྱལ་མོའི་དགའ་སྟོན་དེ་ངོ་མཚར།།
དྲན་པའི་སྐུད་པ་ཆགས་པའི་འཇུར་བུ་ཡིས་འཕྲང་ལས། །
རེག་པའི་བདེ་དགས་མདའ་ལྔའི་མེ་ཏོག་ཅིག་དྲངས་ཏེ། །
ཆགས་པས་མྱོས་པའི་ཆང་གི་བདུད་རྩི་ཡིས་བྲན་པའི། །
ཡིད་འགྱུར་ཕྲ་མོའི་གློག་གིས་ཞགས་པ་ཞིག་འཕེན་ནོ། །
དེ་སྐད་ཐོལ་བྱུང་རིག་པའི་འཕྲུལ་འཁོར་ལས། །
སྙན་ཚིག་རོལ་མོའི་ཟློས་གར་བསྒྱུར་བ་ཡིས། །
དོན་མཐུན་འདོད་གཟུགས་བདེ་དགའི་དཔལ་སྦྱིན་ཏེ། །
ཕུན་ཚོགས་དགེ་ལེགས་སྣང་བ་དམ་པས་སྲུངས།