བར་སྣང་ནས་བལྟས་ཚེ་མཚོ་སྔོན་ཞིང་ཆེན་མགོ་ལོག་རྫོང་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་ཀྱི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན། བསིལ་རླུང་ལྡིང་བ་དང་བསྟུན་མཚོ་ངོས་སུ་ཆུ་རིས་ཆགས་ཤིང་། སྐབས་རེར་ཁྲུང་ཁྲུང་མགོ་ཁྲ་དང་ཆུ་བྱ་སོགས་ཀྱི་རི་སྐྱེས་འདབ་ཆགས་རིགས་གནས་དེར་བརྒྱུད་བཞིན་ཡོད། དེ་ནི་དགེ་འདུན་རྒྱ་མཚོ་ཆུང་དུས་འཚར་ལོངས་བྱུང་ས་ཡིན།
དགེ་འདུན་རྒྱ་མཚོ་ནི་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཤང་གི་འབྲོག་མི་ཞིག་ཡིན་ལ། ཁོ་ཚང་ནི་མི་རབས་ནས་མི་རབས་བར་འབྲོག་ལས་གཉེར་བཞིན་ཡོད། ས་གནས་ཀྱིས“རྩྭ་སར་བརྟེན་ནས་ཕྱུགས་གཏན་ཁེལ”བྱེད་པ་ལག་བསྟར་བྱས་པས། དགེ་འདུན་རྒྱ་མཚོ་ཚང་གི་ནོར་ལུག་མ་རྐང་འཇོག་པའི་བྱེད་ཐབས་ཀྱིས་སྡེ་བའི་མཉམ་ལས་ཁང་དུ་གཅིག་སྡུད་ངང་གསོ་སྤེལ་བྱས། ཁོང་གིས“ད་ལྟ་ང་རང་ཕྱུགས་འཚོ་རུ་འགྲོ་མི་དགོས་པར། ལོ་མཇུག་གི་ཁེ་ཕོགས་ལ་སྒུག་ནས་བསྡད་ཆོག”ཅེས་བཤད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་སྤེལ་མགོ་བརྩམས་པ་ནས་བཟུང་། དགེ་འདུན་རྒྱ་མཚོ་དང་འདྲ་བའི་འབྲོག་མི་ཚོས་ཀྱང་ཕྱུགས་འཚོ་རྒྱུ་དོར་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པར་གྱུར། ད་ལྟ་ཁོས་ཉིན་རེ་རེའི་ལས་ཀ་ནི་གད་སྙིགས་འཐུ་ཞིང་མཚོ་དང་མཚེའུ་སྐོར་ཞིབ་བྱེད་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པ་དེ་ཡིན།
འདི་ནི་མགོ་ལོག་མངའ་ཁོངས་སུ་ཡོད་པའི་མཚོ་སྔོ་རེངས་ཡིན།
ད་ལྟ། དགེ་འདུན་རྒྱ་མཚོར་ཟླ་རེ་རེར་གཏན་ཁེལ་གྱི་ཟླ་ཕོགས་ཡོད་པ་མ་ཟད། རྩྭ་ཐང་ཁ་གསབ་དངུལ་དང་མཉམ་ལས་ཁང་གི་ཁེ་ཕོགས་བཅས་ཡོད། ཁོང་གིས“སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་ཞིག་ཡིན་པའི་ཆ་ནས། ངས་རང་གི་སྟོབས་ཤུགས་བརྟེན་ནས་ཁྱིམ་གཞིས་མཛེས་སྡུག་ལྡན་པར་སྒྱུར་བས་རང་ཉིད་ཀྱིས་གྲུབ་འབྲས་བླངས་ཡོད”ཟེར།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུ་འབྱུང་ཁུལ་དོ་དམ་ཨུ་ལྷན་གྱི་ཆེད་བསྐོས་ལས་འགན་ཁུར་བའི་ཧྲུའུ་ཅི་གཞོན་པ་ཀན་ཞའོ་པིན་གྱིས་བཤད་རྒྱུར། རྨ་ཆུ་འབྱུང་ཡུལ་གྱིས་ཕྱོགས་ཡོངས་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང“ཁྱིམ་གཅིག་ལས་གནས་གཅིག”སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། འབྲོག་མི་སྔར་ལས་མང་པོ་རིམ་བཞིན་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པར་གྱུར་ཡོད་ཟེར།
ཉེ་བའི་ལོ་འགའི་རིང་། རྨ་ཆུ་འབྱུང་ཡུལ་གྱིས་གཅིག་གྱུར་འཆར་འགོད་ངང་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར11.69ཟིན་པའི་སྐྱེ་ཁམས་སྲུང་སྐྱོང་རྨང་གཞིའི་སྒྲིག་བཀོད་དང་། ཕྱུགས་སྐྱུར་རྩྭ་གསོ། རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གཞི་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ལས་གཞི་ལག་བསྟར་མཛད་པས་སྐྱེ་ཁམས་བཅོས་སྐྱོང་ཕན་ནུས་མངོན་གསལ་ཡིན། ད་ལྟ་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་མུ་མཐུད་དུ་ཆེ་རུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ངང་ཕུན་སུམ་ཚོགས་སུ་ཕྱིན་ནས་རྨ་ཆུ་འབྱུང་ཡུལ་གྱི་མཚོ་མོ་སྟོང་གི་ངོ་མཚར་མཛེས་ལྗོངས་ཡང་བསྐྱར་མངོན་པ་རེད།
མདོ་ལ་རི་བོའི་ཤར་རྒྱུད་ཀྱི་འཇུ་ལག་ཆུ་བོ་ནི་རྨ་ཆུའི་རིམ་པ་གཉིས་པའི་ཆུ་ལག་གལ་ཆེན་ཡིན། 2017ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་མངའ་ཁོངས་ཀྱི་འཇུ་ལག་ཆུ་བོའི་འབབ་རྒྱུད་དེ་མཚོ་སྔོན་ཡུལ་ཁུལ་གྱི་རི་ཆུ་ནགས་ཞིང་དང་། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ཚོད་ལྟའི་གནས་སུ་གཏན་ཁེལ་བྱས།
ཆུ་ལོག་གིས་ཞིང་ཆུ་གཏོང་བ་དང་། སྐྱེ་ཁམས་སླར་གསོ་དང་ཆུའི་སྤུས་ཚད་མཐོ་རུ་འགྲོ་བའི་ཕྱོགས་བསྡུས་དམིགས་ཚད་མངོན་འགྱུར་བྱུང་ཆེད། འཇུ་ལག་ཆུ་བོའི་སྐྱེ་ཁམས་སླར་གསོ་ལས་གཞི་ཡིས་རྡོ་བརྩིགས་ནས་འགྲམ་རྒྱུད་སྲུང་བ་དང་སྔོ་ཁེབས་སྲུང་ཞིང་ནགས་བསྐྲུན་བྱེད་པའི་ཐབས་ཀྱིས་སླར་གསོ་བྱས། གྲོན་ཆུང་དང་དངུལ་གཏོང་ཐབས་འདིས་སྐྱེ་ཁམས་སླར་གསོ་མངོན་འགྱུར་བྱུང་བ་མ་ཟད། “ཆུ—རགས—འགྲམ”གསུམ་གྱི་སྐྱེ་ཁམས་མ་ལག་སྦྲེལ་མཐུད་བྱུང་།
འདི་ནི་བཅོས་སྐྱོང་རྗེས་ཀྱི་འཇུ་ལག་ཆུ་བོ་ཡིན།
“འབབ་རྒྱུད་སྐྱེ་ཁམས་བཅོས་སྐྱོང་ཁྲོད། ང་ཚོས་ཆུའི་སྤུས་ཚད་བཞུར་ཚད་འགྱུར་ལྡོག་དང་ལྗང་སྒྱུར་རྒྱ་ཁྱོན་སོགས་ཀྱི་སྐྱེ་ཁམས་དམིགས་ཚད་གཙོ་བོ་ལས་གཞིའི་དཔྱད་དཔག་ཞིབ་བཤེར་དང་ལེན་བྱེད་པའི་ལས་དོན་གཙོ་བོར་བཞག་ཡོད”ཅེས་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་རུ་ཆུ་ནགས་ཞིང་མཚོ་བཅས་ཀྱི་སྐྱེ་ཁམས་སླར་གསོ་ཚོད་ལྟའི་ལས་གཞི་གཞུང་ལས་ཁང་གི་ཀྲུའུ་རེན་ཧུའུ་ཆུ་ཧྲི་སེན་གྱིས་དེ་ལྟར་བརྗོད།
“ཀྲུང་གོའི་ཆུ་མཛོད”ཅེས་མཚན་སྙན་ལྡན་པའི་མཚོ་སྔོན་གྱིས་ཉེ་བའི་ལོ་འགའི་རིང་ལ་རྒྱུན་མཐུད་ངང་གཙོ་གནད་འབབ་རྒྱུད་ཀྱི་ཆུའི་འབག་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སླར་གསོ། རྨ་ཆུ་སོགས་ཀྱི་ཆུ་རྒྱུན་གཙོ་བོའི་ཆུའི་སྤུས་ཚད་ལེགས་བཅོས་ལ་སྐུལ་འདེད་བྱས་ནས། ཟླ6པའི་ཚེས2ཉིན་ཁྱབ་བསྒྲགས་བྱས་པའི《2022ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་རྨ་ཆུའི་ཆུ་ལག་འབབ་རྒྱུད་ཀྱི་ཆུའི་སྤུས་ཚདⅡཟིན་ནས་ཆུའུ་སྤུས་ཚད་ལེགས་པ་རེད།
“མཚོ་སྔོན་ནི་རྨ་ཆུའི་སྟོད་རྒྱུད་ཡིན་པའི་ཆ་ནས། སྐྱེ་ཁམས་གོ་གནས་དངོས་གནས་གལ་ཆེན་ཡིན་པས། ང་ཚོས་འབྱུང་ཁུངས་ཀྱི་འགན་འཁྲི་འཁུར་དགོས་པ་མ་ཟད། རྨ་ཆུའི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དྭངས་གསལ་གཙང་བོ་ཤར་ལ་འབབ་པར་འགན་སྲུང་བྱེད་དགོས”ཞེས་ཀན་ཞའོ་པིན་གྱིས་དེ་ལྟར་བརྗོད། །