སྤྱི་ཟླ5པའི་ཚེས29ཉིན་ནས་སྤྱི་ཟླ6པའི་ཚེས5ཉིན་གྱི་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སྔ་རྗེས་སུ་དཀར་མཛེས་ཁུལ་གྱི་སྡེ་རོང་དང་། ཕྱག་ཕྲེང་། འདབ་པ། ལི་ཐང་། འབའ་ཐང་། དཔལ་ཡུལ། སྡེ་དགེ་བཅས་སུ་ཕེབས་ནས་གཟིགས་ཞིབ་དང་འབྲེལ་ནང་བསྟན་གྱི་ཆོས་དོན་བྱེད་སྒོ་སྤེལ་གནང་བ་རེད།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་ཡིས་འདབ་པ་རྫོང་དུ་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་པཎ་ཆེན་ལ་མཇལ་འཕྲད་བྱས་ཤིང་པཎ་ཆེན་སི་ཁྲོན་དུ་གཟིགས་སྐོར་སློབ་སྦྱོང་དུ་ཕེབས་པར་དགའ་བསུ་ཞུས་པ་རེད། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ཧུའུ་ཡུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཧོ་ཕིང་གཉིས་གཟིགས་ཞིབ་ལ་ཞུགས་རོགས་བྱས་ཡོད།
མཚོ་འཕགས་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན་ས་ཚུགས་ཀྱི་ཚད་འཛིན་རྟེན་གཞིར་རྟོག་ཞིབ་གནང་བའི་ཚུལ།
ཐེངས་འདི་ནི་པཎ་ཆེན་རིན་པོ་ཆེ་དཀར་མཛེས་ཁུལ་དུ་ཕེབས་ཐེངས་གསུམ་པ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་སྐུ་ངོ་མས་གསན་གཟིགས་གནང་བ་རེད། ས་ཆ་སོ་སོར་ཕེབས་སྐབས། པཎ་ཆེན་རིན་པོ་ཆེས་ངོ་སྤྲོད་ལ་ནན་ཏན་ངང་གསན་པ་དང་། འབྲེལ་ཡོད་གནས་ཚུལ་ལ་བཀའ་འདྲི་ཡང་ཡང་གནང་། དཀར་མཛེས་ཁུལ་དུ་གཟིགས་ཞིབ་གནང་རིང་པཎ་ཆེན་རིན་པོ་ཆེ་སྡེ་རོང་རྫོང་གི་དམར་དམག་རྒྱང་སྐྱོད་བཤམས་སྟོན་ཁང་དུ་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་དུམ་མཚམས་འཛུགས་སྐྲུན་ལ་རྟོག་ཞིབ་དང་དཀར་མཛེས་ཁུལ་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་གནས་ཚུལ་ལ་རྒྱུས་ལོན་གནང་དུ་ཕེབས། ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་གྱི་མུའུ་ཁྲི་ཡི་ཤིང་འབྲས་ར་བ་དང་། ལི་ཐང་རྫོང་ཁམས་བོད་ཉི་འོད་ཞིང་འབྲོག་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་། ལི་ཐང་རྫོང་འཇའ་བ་གྲོང་རྡལ་མ་སྐྱེས་ཨ་མ་མེ་ཏོག་ལྡུམ་རའི་ཞིང་གཞིས་བཅས་སུ་མཐོ་སྒང་གི་དེང་རབས་ཞིང་ལས་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་གཟིགས་ཞིབ་གནང་དུ་ཕེབས། འདབ་པའི་ཉི་སྟེན་ལྗོངས་ཁུལ་དུ་ཕེབས་ནས་དཀར་མཛེས་ཁུལ་གྱི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་སྐྲུན་པའི་གནས་ཚུལ་ལ་རྒྱུས་ལོན་གནང་། འདབ་པ་རྫོང་དཀར་ཐང་གྲོང་རྡལ་གྱི་ལྷོ་བྱང་དཀྱིལ་ཐིག་དུས་རིམ་གཉིས་པའི་རྟེན་གཞི་དང་། མཚོ་འཕགས་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན་ས་ཚུགས་ཀྱི་ཚད་འཛིན་རྟེན་གཞི། མཚོ་ལའི་མཚོ་འཕགས་མཐོ་བའི་འཇིག་རྟེན་ལྟ་ཞིབ་ཚད་ལེན་ས་ཚུགས་བཅས་སུ་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་བསྐྲུན་ཚུལ་ལ་རྟོག་ཞིབ་གནང་དུ་ཕེབས། འདབ་པ་རྫོང་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ཕན་རོགས་གནའ་ཤུལ་ལས་དོན་ས་ཚུགས་སུ་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་ཞིབ་འཇུག། སྲུང་སྐྱོང་བྱས་ཚུལ་ལ་རྟོག་ཞིབ་གནང་བར་ཕེབས། དཔལ་ཡུལ་རྫོང་ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་གཡས་པ་ཐང་གློག་ཁང་སོགས་སུ་ཕེབས་ནས་གཙོ་གནད་ལས་གྲྭའི་ལས་གཞི་བསྐྲུན་ཚུལ་ལ་རྟོག་ཞིབ་གནང་། དཔལ་ཡུལ་རྫོང་འབྲི་ཆུ་ཡུལ་ཤོག་གྲོང་ཞིང་གྲོང་སྡེའི་གཅིག་སྡུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་མང་ཚོགས་གནས་སྤོས་རྗེས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བར་ཕེབས། སྡེ་དགེ་པར་ཁང་དུ་ཕེབས་ནས་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞི་བརྒྱུད་འཛིན་དང་སྲུང་སྐྱོང་ལས་དོན་ལ་རྟོག་ཞིབ་གནང་བ་རེད།
ཆོས་དོན་བྱེད་སྒོ་སྤེལ་བའི་ཚུལ།
པཎ་ཆེན་རིན་པོ་ཆེས་དཀར་མཛེས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་བ་དང་། ཡུལ་མིའི་སྡོད་ཁང་ཧ་ཅང་མཛེས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་མཐོང་བྱུང་། དེ་ནི་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་གྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་སྲིད་ཇུས་གཞན་དག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པའི་འབྲས་བུ་ཡིན་པས། རང་ཉིད་ལ་སློབ་གསོ་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་གསུངས་ཤིང་། ཁོང་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་བསླབ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཤིང་། ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་བ། ཆོས་ལུགས་ལས་རིགས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་མ་སྐུལ་དང་ལེན་ངང་དེང་སང་གི་དུས་རབས་ཀྱི་འཕེལ་རྒྱས་དང་། མི་དམངས་བདེ་སྐྱིད་ཀྱི་དགོས་མཁོ། ཏང་དང་སྲིད་གཞུང་གི་བྱེད་ཕྱོགས་སྲིད་ཇུས་བཅས་ལ་འཕྲོད་པ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཆོས་དད་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་ཞིང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་ཡོང་བའི་ཆེད་དུ་བྱས་རྗེས་དེ་བས་མང་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
པཎ་ཆེན་རིན་པོ་ཆེ་ད་དུང་སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་གྱི་སྒྲོལ་མ་ཚེ་རིང་དང་དཔལ་ཡུལ་རྫོང་འབྲི་ཆུ་ཡུལ་ཤོག་གྲོང་ཞིང་གྲོང་སྡེའི་ཚེ་དབང་སྒྲོལ་མའི་ཁྱིམ་དུ་ཕེབས་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་མཛའ་བརྩེ་ཆེན་པོས་བཀའ་འདྲི་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག། ཚང་མའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཡར་རྒྱས་ཕྱིན་ཡོད། མཐར་གཏུགས་ནས་བཤད་ན་གུང་ཁྲན་ཏང་ཡག་པོ་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་པ། བསྒྱུར་བཅོས་སྒོ་དབྱེ་ཡག་པོ་ཡིན་པ། མེས་རྒྱལ་རླབས་ཆེན་ཡག་པོ་ཡིན་པ། མི་རིགས་ཁག་གི་མི་དམངས་ཡག་པོ་ཡིན་པ་བཅས་ལ་ཐུག་ཡོད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོས་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་བཅུག་པ་རེད་ཅེས་གསུངས། ཁོང་གིས་སྒྲོལ་མ་ཚེ་རིང་དང་ཚེ་དབང་སྒྲོལ་མ་ལ་ངེས་པར་དུ་ཕྲུ་གུར་སློབ་གསོ་དང་གསོ་སྐྱོང་ཡག་པོ་བྱས་ནས་ཁོ་ཚོར་མེས་རྒྱལ་ལ་དགའ་ཞེན་དང་ཏང་གི་བཀའ་དྲིན་དྲན་པ། སློབ་སྦྱོང་ལ་འབད་བརྩོན་དང་། འཚར་ལོངས་བྱུང་རྗེས་འཇོན་ཐང་ཡོད་པར་བྱས་ཏེ་ཕ་ཡུལ་འཛུགས་སྐྲུན་ཧུར་ཐག་བྱེད་པའི་སྣེ་ཁྲིད་གང་ལེགས་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།
དཔལ་ཡུལ་རྫོང་འབྲི་ཆུ་ཡུལ་ཤོག་གྲོང་ཞིང་གྲོང་སྡེར་མང་ཚོགས་ལ་འཚམས་འདྲི་གནང་བཞིན་པའི་ཚུལ།
དཀར་མཛེས་ཁུལ་དུ་བྱེད་སྒོ་སྤེལ་རིང་པཎ་ཆེན་རིན་པོ་ཆེས་ཕྱག་ཕྲེང་རྫོང་བསམ་འཕེལ་གླིང་དང་འདབ་པ་རྫོང་མཚོ་མགོ་དགོན། ལི་ཐང་རྫོང་བྱམས་ཆེན་ཆོས་འཁོར་གླིང་། འབའ་ཐང་རྫོང་ཆོས་སྡེ་དགོན། སྡེ་དགེ་རྫོང་དགོན་ཆེན་དགོན་བཅས་སུ་ནང་བསྟན་ཆོས་དོན་བྱེད་སྒོ་སྤེལ་གནང་བར་མ་ཟད། ཆོས་དད་མང་ཚོགས་ལ་ཕྱག་དབང་གནང་ཞིང་ཤིས་པ་བསྩལ་བ་རེད།
ཁུལ་མགོ་ཁྲིད་ཧྲེན་དབྱང་དང་། ཧྥུང་ཧྥ་ཀུའེ། ཀྲང་ཐུང་རུང་། ཡིའུ་ཞང་ཧྥེ། ཡོན་མིང་ཀོང་། བློ་བཟང་ཆོས་འཕེལ། ལི་ཆང་། ཧོང་ཅིན། དབྱང་ཆིང་ཧྭ་བཅས་འབྲེལ་ཡོད་གཟིགས་ཞིབ་བྱེད་སྒོར་ཞུགས་ཡོད།