དགྲ་ལྷ་ཆུ་ཤུགས་གློག་ཁང་གི་ལས་གྲྭ་གཙོ་བོ་སྐྲུན་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 06-13


འདི་ནི་འཛམ་གླིང་གི་ཀྲའོ་ཝ་500རིམ་པའི་འབབ་ཤུགས་ཆེ་ལ་སྐྱོམ་རྡབ་རྣམ་པའི་འཕྲུལ་ཚན་ཐོག་མའི་ཚན་ཞིབ་འགག་སྒྲོལ་དཔེ་སྟོན་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

        ཚེས་9ཉིན། འཛམ་གླིང་གི་ཀྲའོ་ཝ་500རིམ་པའི་འབབ་ཤུགས་ཆེ་ལ་སྐྱོམ་རྡབ་རྣམ་པའི་འཕྲུལ་ཚན་ཐོག་མའི་ཚན་ཞིབ་འགག་སྒྲོལ་དཔེ་སྟོན་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་ཆེན་འཚོགས་ནས། དགྲ་ལྷ་ཆུ་ཤུགས་གློག་ཁང་གི་ལས་གྲྭ་གཙོ་བོ་དངོས་སུ་སྐྲུན་འགོ་ཚུགས་པ་རེད།

        དགྲ་ལྷ་ཆུ་ཤུགས་གློག་ཁང་ནི་ཆབ་མདོ་གྲོང་ཁྱེར་གྱི་མཛོ་སྒང་རྫོང་དང་ཉིང་ཁྲི་གྲོང་ཁྱེར་གྱི་རྫ་ཡུལ་རྫོང་གཉིས་ཀྱི་ཁོངས་སུ་ཡོད། དེ་ནི་ཡུལ་ཆུ་རྒྱུག་ཁུལ་གྱི“མཛོད་གཉིས་རིམ་བདུན”གསར་སྤེལ་ཀྱི་རིམ་པ་དྲུག་པ་དེ་རེད། སྤྱི་ལེ་60ཟིན་པའི་ཁུག་པ་ཆེན་པོའི་རང་བྱུང་གཟར་ཁྱད་སྤྱད་དེ་གུག་ཀྱོག་སྲིང་ཞིང་འགག་དོག་སེལ་བས་སྨི་700ཟིན་ཙམ་གྱི་འབབ་ཤུགས་གྲུབ་པ་དང་། དེ་ལ“འབབ་ཤུགས་མཐོ་བ་དང་། ཤོང་ཚད་ཆེ་བ། སྐྱོམ་རྡབ་ལྡན་པ། ས་དོང་ཟབ་པ་བཅས་ཀྱི”ལས་གྲྭའི་ལག་རྩལ་གྱི་ཁྱད་ཆོས་ལྡན་ཞིང་། དེ་ནི་རྒྱལ་ཁབ་ཀྱིས་ཤོང་ཚད་ཆེ་བའི་སྐྱོམ་རྡབ་རྣམ་པའི་ཆུ་སྐོར་གློག་འདོན་འཕྲུལ་ཚན་ཞིབ་བཟོ་བྱེད་པའི་འདེགས་སྐྱོར་རྣམ་གྲངས་ཤིག་རེད།

        དགྲ་ལྷ་ཆུ་ཤུགས་གློག་ཁང་རྣམ་གྲངས་ནི་2020ལོའི་ཟླ་བཅུ་གཉིས་པར་ཞིབ་དཔྱད་ཆོག་མཆན་ཐོབ་པ་དང་། ཀྲུང་གོ་ཏཱ་ཐང་ཚོགས་པས་སྐྲུན་འགན་འཁུར་ཞིང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དཔེ་སྟོན་རྣམ་གྲངས་ཤིག་ཡིན་པ་མ་ཟད། ད་དུང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ནུས་རྒྱུ་ཁྱབ་ཁོངས་ཀྱི་གཙོ་ཆེའི་ལག་རྩལ་སྒྲིག་ཆས་ཐོག་མའི་རྣམ་གྲངས་ཀྱི་ཁོངས་སུ་ཚུད་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཏེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཞིབ་ཕྲ་ཡང་རེད། རྣམ་གྲངས་དེ་བསྐྲུན་ནས་བེད་སྤྱོད་བྱས་རྗེས་ལོ་རེར་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་39.46ཟིན་གྱི་ཡོད་པ་དང། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་130གྲོན་ཆུང་ཐུབ་ནས། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་342དང་། དབྱང་གཉིས་མུ་ཟི་འགྱུར་དངོས་འབུད་ཚད་ཏུན་ཁྲི་1.1 ཏན་དབྱང་འགྱུར་དངོས་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་0.9བཅས་ཉུང་དུ་གཏོང་ཐུབ་པའི་ཁར་ལོ་རེར་ཁེ་སྤོགས་དཔྱ་ཁྲལ་སྒོར་ཁྲི་7400ཙམ་འཇལ་ཐུབ་ཀྱི་ཡོད་པ་རེད།

        མིག་སྔར། འཛམ་གླིང་གི་སྐྱོམ་རྡབ་རྣམ་པའི་འཕྲུལ་ཚན་ཆེ་ཤོས་ཀྱི་འཕྲུལ་འཁོར་རྐྱང་པའི་གློག་འདོན་ཚད་རིམ་པ་ཀྲའོ་ཝ་423.13ཡིན་ལ། རྒྱལ་ནང་གི་འཕྲུལ་འཁོར་རྐྱང་པའི་གློག་འདོན་ཚད་ཆེ་ཤོས་རིམ་པ་ཀྲའོ་ཝ་150རེད། དགྲ་ལྷ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་སྐྲུན་འགོ་ཚུགས་པར་གཞིགས་ནས་ཀྲུང་གོ་ཏཱ་ཐང་ཚོགས་པས་ཤར་ཕྱོགས་གློག་རླངས་དང་། ཧར་པིན་གློག་རླངས། ཀྲུང་གོ་འཕྲུལ་ཆས་བཟོ་ལས་ཚོགས་པ། ཀྲུང་གོ་འཕྲུལ་ཆས་ལྗིད་གྲས་དང་པོ་སོགས་ཁེ་ལས་དང་མཉམ་དུ་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཐོན་ཁུངས་སྤུས་ལེགས་མཉམ་འདྲེས་ནུས་ལྡན་བྱས་ཏེ། གཙོ་གནད་ལག་རྩལ་གསར་གཏོད་ཀྱི་འགག་སྒྲོལ་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་གློག་ཁང་དེས་དུས་ཚད་ལྟར་གློག་འདོན་ཐུབ་པའི་འགན་ལེན་བྱས་ཡོད། སྐབས་དེར་རྣམ་གྲངས་དེའི་འཕྲུལ་ཆས་རྐྱང་པ་གཉིས་ཀྱི་གློག་འདོན་ཚད་རིམ་པ་ཀྲའོ་ཝ་500ཡི་སྐྱོམ་རྡབ་རྣམ་པའི་ཆུ་སྐོར་གློག་ཁང་གི་འཕྲུལ་ཚན་དེ་ནི་གོ་ལ་ཧྲིལ་པོའི་འཕྲུལ་ཆས་རྐྱང་པའི་གློག་འདོན་ཚད་ཆེ་ཤོས་ཡིན་པའི་སྐྱོམ་རྡབ་རྣམ་པའི་ཆུ་སྐོར་གློག་འདོན་འཕྲུལ་ཚན་དུ་གྱུར་ནས། འཁོར་འབྲེལ་ཧྲིལ་པོ་རྒྱལ་ཐོན་ཅན་ཡིན་པ་མ་ཟད་ད་དུང་འཕྲུལ་ཚན་གྱི་ལས་ཕྱོད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་བསླེབས་ནས། རང་རྒྱལ་གྱི་ཆུ་གློག་འདོན་སྤེལ་ནུས་པ་ཆེ་རུ་གཏོང་བ་དང་། ཆུ་གློག་སྒྲིག་ཆས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་རང་བརྟེན་ཚོད་འཛིན་ཐུབ་པར་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཏེ། བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ས་ཁོངས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1