འདི་ནི་ཟླ་6ཚེས་10ཉིན་དཔལ་འབར་བརྒྱུད་སྤྲོད་ཀྱི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། སུན་ལུང་ཧྥེ།
ཟླ་6ཚེས་10ཉིན། ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་31པའི་དཔལ་འབར་བརྒྱུད་སྤྲོད་ཀྱི་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་འཚོགས་པ་དང་། ཁྲེང་ཏུའུ་ལུས་རྩལ་འགྲན་ཚོགས་ཆེན་པོའི་དཔལ་འབར་བརྒྱུད་སྤྲོད་བྱེད་པའི་བརྗོད་དོན་གཙོ་བོ་ནི“ལང་ཚོའི་དུས་སུ་འབད་འཐབ་བྱེད། ཕུགས་བསམ་ཆེད་དུ་དོན་གཉེར་བྱེད”ཅེས་པ་དེ་ཡིན་པ་དང་། ཁྱོན་དཔལ་འབར་འཁྱེར་མཁན་800དང་སྲུང་སྐྱོང་བྱེད་མཁན་100ཞུགས་ཡོད།
ལང་ཚོའི་དུས་སུ་འབད་འཐབ་བྱེད། ཕུགས་བསམ་ཆེད་དུ་དོན་གཉེར་བྱེད། ཟླ་6ཚེས་10ཉིན་གྱི་སྔ་དྲོར། ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་31པའི(གཤམ་དུ་ཁྲེང་ཏུའུ་ལུས་རྩལ་འགྲན་ཚོགས་ཆེན་པོ་ཞེས་བསྡུ་རྒྱུ)དཔལ་འབར་བརྒྱུད་སྤྲོད་ཀྱི་འགོ་ཚུགས་མཛད་སྒོ་པེ་ཅིང་སློབ་ཆེན་དུ་འཚོགས་པ་རེད།
ཟླ་དྲུག་པར་སློབ་གྲྭའི་ནང་གི་རྩྭ་དང་རྩི་ཤིང་རྣམས་སྔོ་ལྗང་ལྗང་དུ་གྱུར་ནས་གང་སར་ལང་ཚོའི་དཔལ་གྱིས་བརྒྱན་ཞིང་། པེ་ཅིང་སློབ་ཆེན་གྱི་ལོ་བརྒྱ་འཁོར་བའི་དྲན་གསོའི་འཆད་སྟེགས་མདུན་གྱི་ཐང་ཆེན་དུ་པེ་ཅིང་སློབ་ཆེན་དང་། སི་ཁྲོན་སློབ་ཆེན། པེ་ཅིང་སློབ་ཆེན་ཞོར་གཏོགས་སློབ་འབྲིང་། པེ་ཅིང་སློབ་ཆེན་ཞོར་གཏོགས་སློབ་ཆུང་། པེ་ཅིང་ཧའེ་ཏན་སློབ་ཆུང་། ཁྲེང་ཏུའུ་ཕའོ་ཐུང་ཧྲུའུ་སློབ་ཆུང་བཅས་ཀྱི་སློབ་མ་31གིས་ཁྲེང་ཏུའུ་ལུས་རྩལ་འགྲན་ཚོགས་ཆེན་པོའི་བརྗོད་དོན་གཙོ་བོའི་ཁྱབ་གདལ་གླུ་གཞས《བརྩེ་བ་ནི་གཅིག་མཚུངས་ཡིན》ཞེས་པ་མཉམ་དུ་བཏང་བ་དང་ཆབས་ཅིག་འགོ་ཚུགས་མཛད་སྒོ་འཚོག་འགོ་ཚུགས་པ་རེད།
སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། དཔའ་ཉམས་དོད་པའི་གཟབ་སྦྲེང་རུ་ཁག་གི་རུ་མི་8ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་མཐོན་པོར་བསྒྲེངས་ནས་འགྲན་རར་འཛུལ་ཡོང་བས། མཛད་སྒོ་འཚོག་ཡུལ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གླུ་བཏང་བ་རེད།
སློབ་གསོ་པུའི་པུའུ་ཀྲང་། ཁྲེང་ཏུའུ་ལུས་རྩལ་འགྲན་ཚོགས་ཆེན་པོའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཧོའེ་ཅིན་ཕུང་གིས་ཤིས་ཚིག་སྒྲོན་སྐབས། དཔལ་འབར་བརྒྱུད་སྤྲོད་ནི་འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་གཞུང་ཕྱོགས་བྱེད་སྒོ་གལ་ཆེན་ཞིག་དང་ལུས་རྩལ་འགྲན་ཚོགས་ཆེན་པོའི་འདུ་ཤེས་བརྒྱུད་བསྒྲགས་དང་ལུས་རྩལ་འགྲན་ཚོགས་ཆེན་པོའི་སྙིང་སྟོབས་དར་སྤེལ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད། དཔལ་འབར་བརྒྱུད་སྤྲོད་བྱེད་པ་ནི་ཁྲེང་ཏུའུ་ཡི་ལུས་རྩལ་འགྲན་ཚོགས་ཆེན་པོའི་ངོ་མཚར་ཆེ་བའི་སྒོ་མོ་འབྱེད་པ་ཞིག་ཡིན་པ་དང་། དེ་ལས་ཀྲུང་ཧྭ་མི་རིགས་ཀྱི་གདེང་ཚོད་མཚོན་པ་དང་དེ་རུ་གོ་ལ་ཧྲིལ་པོའི་གཞོན་ནུའི་ཕུགས་འདུན་གཅིག་ཏུ་བསྒྲིལ་ཡོད། དཔལ་འབར་བརྒྱུད་སྤྲོད་བྱེད་སྐབས་སློབ་གྲྭ་ཆེ་མོ་བ་དང་གཞོན་ནུ་མངོན་གསལ་དོད་པོ་ཡོང་བ་དང་། ཡོངས་བསྒྲཌ་དང་། འབྱོར་ཕྱུག སྒོ་དབྱེ། རེ་བས་ཁེངས་པ་བཅས་ཀྱི་རྒྱལ་ཁབ་ཀྱི་གཟུགས་བརྙན་གང་ལེགས་མངོན་པ། དུས་ཡུན་རིང་པོའི་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་དང་ཐུན་མོང་མ་ཡིན་པའི་སི་ཁྲོན་གྱི་རིག་གནས་གང་ལེགས་མཚོན་པ་བཅས་བྱས་ནས། འཛམ་གླིང་གི་སློབ་གྲྭ་ཆེ་མོ་བ་དང་གོ་ལ་ཧྲིལ་པོའི་ལས་རིགས་ཁག་གི་མི་སྣས་ཀྲུང་གོ་ཤེས་རྟོགས་དང་། ཀྲུང་གོར་ཡིད་སྨོན། ཀྲུང་གོར་དགའ་ཞེན་བཅས་དེ་བས་ཡོང་བ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ལེ་ནུའོ·ཨའེ་ཏེ་ཡིས་བརྙན་ལམ་ཐོག་ནས་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་ལུས་རྩལ་འགྲན་ཚོགས་ཆེན་པོའི་མེ་སོན་ནི་འོད་སྣང་དང་། མཐུན་སྒྲིལ། མཛའ་གྲོགས། ཞི་བདེ་བཅས་ཀྱི་མཚོན་རྟགས་ཤིག་ཡིན་པ་དང་། དེས་ཆུ་ཚད་མཐོ་བའི་རྩལ་འགྲན་ལུས་རྩལ་ལ་འགྲན་སློང་བྱེད་ཕོད་པ་དང་སློབ་སྦྱོང་གཅིག་ལྕོགས་བྱེད་པའི་གཞོན་ནུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་པ་ཚོའི་རྩལ་འགྲན་དང་། བློ་སྟོབས། སྙིང་རུས་བཅས་མཚོན་གྱི་ཡོད། དཔལ་འབར་མཐུད་རྒྱུག་ལས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ལུས་རྩལ་འགྲན་ཚོགས་ཆེན་པོའི་སྙིང་སྟོབས་བརྒྱུད་སྤྲོད་ཐུབ་པ་དང་དེའི་རྣམ་པ་ཟབ་མོ་གཏོད་ཐུབ་ལ་འཛམ་གླིང་གི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཏེ་མདུན་སྐྱོད་ཀྱང་བྱེད་ཐུབ། རྒྱལ་ཁབ་དང་ས་ཁུལ་མང་པོ་ནས་ཡོང་བའི་གཞོན་ནུའི་འཐུས་མིས་ཁྲེང་ཏུའུ་ཡི་ལུས་རྩལ་འགྲན་ཚོགས་ཆེན་པོའི་དཔལ་འབར་འཁྱེར་མཁན་གྱི་ངོས་ནས“ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས”ཞེས་པའི་སྐད་ཤུགས་ཆེན་པོས་བརྒྱུད་སྤྲོད་བྱ་རྒྱུ་རེད། ཁོང་ཚོས་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་མཉམ་དུ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད་ཅེས་བརྗོད།
པེ་ཅིང་སློབ་ཆེན་གྱི་སློབ་མའི་འཐུས་མི། ཕིང་ཕང་སྤོ་ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཏིང་ཉིང་གིས་གཏམ་བཤད་སྤེལ་སྐབས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ངས་འགྲན་རའི་ནང་གི་ལུས་རྩལ་འགྲན་ཚོགས་ཆེན་པོའི་སྙིང་སྟོབས་བརྒྱུད་སྤྲོད་བྱས་ནས། སློབ་སྦྱོང་དང་ལས་ཀའི་ནང་དར་སྤེལ་བཏང་སྟེ་མི་ཚེའི་འགྲན་ལམ་ཐོག་ནུས་ཤུགས་ཡོད་རྒུས་རྒྱུགས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད། དེ་རྗེས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་། ཁྲེང་ཏུའུ་ལུས་རྩལ་འགྲན་ཚོགས་ཆེན་པོའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཀའོ་ཀྲི་ཏན་གྱིས་ཏིང་ཉིང་ལ་དཔལ་འབར་བརྒྱུད་སྤྲོད་བྱས་པའི་དྲན་རྟེན་རྟགས་མ་སྤྲད་པ་རེད།
ས་ཚིགས་དང་པོའི་དཔལ་འབར་འཁྱེར་མཁན་གྲས་སུའང་2001ལོའི་པེ་ཅིང་ལུས་རྩལ་འགྲན་ཚོགས་ཆེན་པོའི་དཔལ་འབར་འཁྱེར་མཁན་ཨང་དང་པོ་དབྱང་ལིང་དང་། 2009ལོའི་ཧར་པིན་སློབ་ཆེན་གྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཁྱེར་མཁན་དང་པོ་ཡུས་ཅིང་། 2011ལོའི་ཧྲེན་ཀྲེན་ལུས་རྩལ་འགྲན་ཚོགས་ཆེན་པོའི་དཔལ་འབར་འཁྱེར་མཁན་དང་པོ་ཤིང་ཡན་ཨན་བཅས་ཡོད་པ་རེད། སྐབས་བཞི་ཡི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཁྱེར་མཁན་ཐོག་མ་རྣམས་ད་ཐེངས་ཀྱི་དཔལ་འབར་བརྒྱུད་སྤྲོད་ནང་ཞུགས་པ་དེ་ནི་ལུས་རྩལ་འགྲན་ཚོགས་ཆེན་པོའི་མེ་སོན་བརྒྱུད་སྤྲོད་དང་ལུས་རྩལ་འགྲན་ཚོགས་ཆེན་པོའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་ཞིག་ཡིན་ལ། རང་རྒྱལ་གྱི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་བྱ་གཞག་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་དཔལ་འབར་རྒྱུན་འཛིན་བྱེད་པའི་གསོན་ཉམས་དོད་པའི་གསལ་འགྲེལ་ཞིག་ཀྱང་དེ་བས་རེད།
པེ་ཅིང་གི་འགོ་ཚུགས་མཛད་སྒོ་དང་བརྒྱུད་སྤྲོད་བྱེད་སྒོ་མཇུག་འགྲིལ་རྗེས་ཁྲེང་ཏུའུ་ལུས་རྩལ་འགྲན་ཚོགས་ཆེན་པོས་ཧར་པིན་དང་། ཧྲེན་ཀྲེན། ཁྲུང་ཆིང་། དབྱི་པིན། ཁྲེང་ཏུའུ་སོགས་གྲོང་ཁྱེར་5ལ་མུ་མཐུད་བརྒྱུད་སྤྲོད་བྱ་རྒྱུ་རེད། ཟླ་7ཚེས་28ཉིན་ལུས་རྩལ་འགྲན་ཚོགས་ཆེན་པོའི་མེ་ལྕེ་དེ་ཁྲེང་ཏུའུ་ཏུང་ཨན་ཧུའུ་ལུས་རྩལ་སྤྱི་གླིང་གི་ལུས་རྩལ་ཐང་གཙོ་བོའི་དཔལ་འབར་མཐོ་ལྕོག་ཐོག་སྤར་ནས་གོ་ལ་ཧྲིལ་པོས་མཉམ་དུ་ལང་ཚོའི་འདུ་ཚོགས་གཟབ་རྒྱས་དེ་གཉེར་རྒྱུ་རེད།