སྤྱི་ཟླ5ཚེས31ཉིན་ལ། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་པའི་དཀར་མཛེས་ཁུལ་གྱི་བཞུགས་མོལ་ཚོགས་འདུ་འདབ་པ་རྫོང་དུ་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཧོ་ཕིང་ཚོགས་འདུར་ཕེབས་པ་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
པཎ་ཆེན་རིན་པོ་ཆེས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་པའི་ཐད་རང་ཉིད་ལ་ཐོབ་པའི་མྱོང་ཚོར་གླེང་བ་རེད། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དང་ནང་བསྟན་གྱིས་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ་ལ་ཐུན་མོང་གི་རིན་ཐང་དོན་གཉེར་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་གི་དཔའ་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་གཞི་ནས་ཡར་ལངས་ཐུབ་པ་དང་ཕྱུག་པོར་ཆགས་པ། དེ་ནས་སྟོབས་ཆེར་སོང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་མ་གནས་མི་རྩི་བ་དང་ཕན་བཏགས་ཚུར་རེ་མེད་པར་མ་དངུལ་བཏང་བར་བརྟེན། ད་ལྟའི་བོད་འབྲེལ་ས་ཁུལ་ལ་གཞི་ནས་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་འཚོ་བ་རོལ་ཐུབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་ཅིང་། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་པ་ནི་ནང་བསྟན་ལས་རིགས་ཀྱི་ཆབ་སྲིད་ཐད་ཀྱི་གདམ་ག་ཞིག་ཡིན་ལ་དད་པའི་ཐད་ཀྱི་ལག་ལེན་ཞིག་ཀྱང་རེད་ཅེས་གསུངས། པཎ་ཆེན་རིན་པོ་ཆེས་གྲོས་འགོ་བཏོན་དོན། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ཆོས་ལུགས་དད་པ་དང་ཆབ་སྲིད་དད་སེམས་རང་འགྲིག་གཅིག་མཐུན་ཡོང་དགོས་ཤིང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར། དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་ཆེད་བྱས་རྗེས་འབུལ་དགོས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ཆོས་ཀྱི་མཚན་སྙན་དང་ཉམས་ལེན་དགེ་ཕན་ཆ་མཚུངས་དགོས་ཤིང་། རང་གཅུན་ནན་པོ་དང་རང་དཔེ་གཞན་སྟོན་གྱིས་གྲྭ་བཙུན་དང་ཆོས་དད་མང་ཚོགས་རྒྱ་ཆེན་ལ་ཁྲིད་སྟོན་དང་མཐུན་སྒྲིལ་ཡག་པོ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་རྒྱུན་ཆད་མེད་པར་བསྐུལ་དགོས། གྲྭ་བཙུན་རྒྱ་ཆེན་གྱི་ཤེས་བྱ་ཡོན་ཚད་དང་སེམས་ཅན་བདེ་ལ་འགོད་པའི་ལག་ལེན་ཤེས་སྤྱོད་གཉིས་མེད་ཡོང་དགོས་ལ། ཏང་ཨུ་དང་སྲིད་གཞུང་གི་ལས་དོན་གཙོ་བོ་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་དུ་རྒྱ་ཁྱབ་ངང་ཞུགས་ནས། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བྱེད་གང་ཐུབ་དང་། ཆོས་ལུགས་ཞི་མཐུན་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་འགྲིག་ཡོང་བར་སྐུལ་འདེད་ཧུར་ཐག་གཏང་དགོས།
ཧྲེན་དབྱང་གིས་བསྟན་དོན། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ནི་དཀར་མཛེས་ཁུལ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བའི་རྩ་བའི་བསྲུང་བྱ་ཡིན་པས། རིམ་ཁག་ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བློ་བརྟན་འགྱུར་མེད་ངང་དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལ་མཛུབ་ཁྲིད་བྱས་པ་ཡིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཅིང་འདེད་དགོས། ད་ཆའི་བོད་བརྒྱུད་ནང་བསྟན་གྱི་ཐོབ་དཀའ་བའི་གནས་བབ་བཟང་པོར་གཅེས་སྤྲས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅངས་པས་གཙོ་ཕྱོགས་སུ་བཟུང་ཞིང་། མི་རིགས་ཁག་གི་མི་དམངས་ཚོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་བྱ་དགོས། དཀར་མཛེས་ཁུལ་གྱིས་ཆོས་ལུགས་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ཡག་པོ་རྒྱུན་ཆད་མེད་པར་ཕྱོགས་བསྡོམས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་དཔེ་སྟོན་ཁུལ་སྐྲུན་པ་གཞི་འཛིན་སར་བྱས་ནས་གྲྭ་བཙུན་རྒྱ་ཆེན་ལ་རང་གིས་རང་ལ་སློབ་གསོ་དང་། རང་གིས་རང་ལ་དོ་དམ། རང་གིས་རང་ལ་གཅུན་སྡོམ་བྱ་རྒྱུར་ཤུགས་རྒྱག་པའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་ཁ་མགོ་རྣ་ཡག་པོ་བསྐྱང་ཞིང་བསྲུང་དགོས། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་པཎ་ཆེན་རིན་པོ་ཆེ་མིག་དཔེར་བསྟེན་ནས། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་ཕན་དམངས་བདེར་བརྩོན་པ། མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་ཕན་པ་དང་།“ངོས་འཛིན་གཅིག་མཐུན་ལྔ”ཟབ་ཏུ་གཏང་བར་ཕན་པ་དམིགས་འབེན་དུ་བྱས་ཤིང་། རང་དཔེ་གཞན་སྟོན་དང་ཤེས་སྤྱོད་གཉིས་མེད་བྱེད་པ། སྣེ་ཁྲིད་དེ་གྲྭ་བཙུན་དང་ཆོས་དད་མང་ཚོགས་རྒྱ་ཆེན་ལ་སྐུལ་ཁྲིད་དང་མཐུན་སྒྲིལ་ཡག་པོ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས།
ཚོགས་འདུར་དཀར་མཛེས་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་སྟེ་དཀར་མཛེས་རྫོང་དར་རྒྱས་དགོན་པའི་སྤྲུལ་སྐུ་རྒྱལ་བསྟན་བློ་བཟང་བྱམས་པ་དང་། སྡེ་དགེ་རྫོང་ཚ་ཚ་དགོན་གྱི་སྤྲུལ་སྐུ་དཔའ་བརྒྱ། དཔལ་ཡུལ་ཡ་ཆེན་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཡེ་དགའ། ལི་ཐང་རྫོང་མི་འགྱུར་དགོན་གྱི་མཁན་པོ་བློ་བཟང་བཀྲ་ཤིས། ཉག་རོང་རྫོང་ལ་ཁ་དགོན་གྱི་མཁན་པོ་ཤེས་རབ་ཉི་མ་བཅས་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྐུལ་བར་དམིགས་ནས་གཏམ་བཤད་གནང་བ་རེད།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཅུས་བདུན་པའི་སྐོར་གཟིགས་པ་རིམ་པ་གཉིས་པ་ལིའུ་དབྱི་པིང་དང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཕེང་ཧྲུའུ་རྨིན། ཞིང་ཆེན་ཏང་ཨུའི་བོད་འབྲེལ་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་སུང་ཡུང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སངས་དགའ། ཁུལ་མགོ་ཁྲིད་ཡོའུ་ཞང་ཧྥེ་དང་། ཡོན་མིང་ཀོང་། ལི་ཆང་། དཀར་མཛེས་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་གྲུབ་མཐའ་ཁག་གི་འཐུས་ཚབ་མི་སྣ15བཅས་ཚོགས་འདུར་ཞུགས་པ་རེད།།