ཟླ་6ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧོང་ཏུ་ར་སིའི་ཙུང་ཐུང་ཁ་སི་ཐེ་ལུའོ་དང་གྲོས་མོལ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧོང་ཏུ་ར་སིའི་ཙུང་ཐུང་ཁ་སི་ཐེ་ལུའོ་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་ཁ་སི་ཐེ་ལུའོ་ནི་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་མཁན་ཧོང་ཏུ་ར་སིའི་ཙུང་ཐུང་ཐོག་མ་དེ་ཡིན། ཁྱེད་ཀྱིས་འཚམས་འདྲི་གནང་བ་དེས་ཀྲུང་གོ་དང་ཧོང་ཏུ་ར་སི་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་གཏོད་འགོ་ཚུགས་ཡོད། འདི་ལོའི་ཟླ་3པར་ཀྲུང་གོས་ཧོང་ཏུ་ར་སི་དང་ཕྱི་འབྲེལ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་འགོ་ཡག་པོ་འཛུགས་ཐུབ་ཡོད། དེ་ལས་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་མངོན་ཡོད། ཀྲུང་ཧོང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་པ་དེ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་ཡུན་རིང་ཐོན་པའི་བྱ་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧོང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་བཏང་ནས་ཧོང་ཏུ་ར་སིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ཧོང་ཏུ་ར་སི་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་བྱེད་འདོད་ཡོད། ངས་ཁྱེད་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་བར་ཁྲིད་སྟོན་དང་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་བཟང་པོ་དེ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ལ་འགྱུར་བར་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་འདོད་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཧོང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ནས་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་ཧོང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འཛུགས་པ་དང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་ཆབ་སྲིད་ཀྱི་རྨང་གཞི་ཡིན་པས། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་ར་སི་ཕྱོགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་སྲུང་སྐྱོང་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་ལེགས་གཏོང་བཅས་ཀྱི་ཆེད་འབད་བརྩོན་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཧོང་ཏུ་ར་སི་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བརྟེན་གདམ་ག་བྱེད་པར་རྒྱབ་སྐྱོར། ཕྱི་རོལ་ཕྱོགས་གཏོགས་གང་རུང་ཞིག་གིས་ཧོང་ཏུ་ར་སིའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བཅས་བྱས་ཏེ། ཧོང་ཏུ་ར་སི་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དབུལ་ཕོངས་སེལ་བ་དང་། སྤྱི་ཚོགས་བཅོས་སྐྱོང་། རུལ་སུངས་ལ་ཆད་གཅོད་སོགས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། ས་གནས་བཅས་དབར་ཕྱོགས་ཡོངས་ནས་སྤེལ་རེས་མཉམ་ལས་ལ་སྐུལ་ལྕག་གཏོང་བ་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལམ་སྲོལ་གྱི་ཀ་བཞི་གདུང་བརྒྱད་འཛུགས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤྱི་འདོམས་སུ་བྱེད་པ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་ར་སི་ཕྱོགས་ཀྱི་ཁྱད་ལྡན་ཐོན་རྫས་སྔ་ཙམ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཧོང་ཏུ་ར་སི་ཕྱོགས་དང་སྔ་ཙམ་རང་མོས་ཚོང་དོན་གྲོས་ཆོད་ཀྱི་འཕེལ་རིམ་སྐོར་ལ་གྲོས་མོལ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧོང་རྒྱལ་ཁབ་གཉིས་དབར་གྱི་མཛའ་མཐུན་གྱི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་ར་སི་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་ར་སི་ཚུད་པའི་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཐུན་མོང་སྒྲིག་གཞིའི་གླེང་སྟེགས་འཛུགས་པ་དང་ཀྲུང་ལའི་ཁྱོན་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཁ་སི་ཐེ་ལུའོ་ཡིས་གསུངས་དོན། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པ་དེ་ནི་ཧོང་ཏུ་ར་སི་སྲིད་གཞུང་གིས་ལོ་རྒྱུས་རང་བཞིན་གྱི་གདམ་ག་བྱས་པ་ཞིག་ཡིན་པས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ངེས་རེད། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་དང་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་ཆེད་འབད་བརྩོན་བྱས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད་པས་ཧོང་ཏུ་ར་སི་ཕྱོགས་ཀྱིས་དགའ་མགུ་ཡི་རང་ཞུ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ཀྱིས་འཛམ་གླིང་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་མཐུན་པའི་དེ་བས་ཞི་བདེ་དང་བདེ་འཇགས་ཀྱི་འཛམ་གླིང་ཞིག་སྐྲུན་པར་ཕན་ཐོགས་ཡོད་པས། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་དང་དེའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་བཏང་ཚེ་ཧོང་ཏུ་ར་སི་ཕྱོགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་དང་དེ་བས་ཡག་པོ་ཐོབ་རྒྱུར་ཕན་ཐོགས་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ཟླ་བ་གཉིས་ལྷག་ཙམ་རིང་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་ཧོང་ཏུ་ར་སི་ཕྱོགས་ཀྱིས་འབྱུང་འགྱུར་ལ་གདེང་ཚོད་ཀྱིས་ཁེངས་ཡོད། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཚོང་དོན་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད། གློག་འཕྲིན། ནུས་རྒྱུ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཆོས་རིག་གནས་ཀྱི་སྤེལ་རེས་གཏིང་ཟབ་བྱེད་པའི་རེ་སྒུག་བྱེད་བཞིན་ཡོད། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཐུན་མོང་སྒྲིག་གཞི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད། ཧོང་ཀྲུང་མཛའ་གྲོགས་འབྲེལ་བར་དུས་ཚོད་ཀྱི་ཚོད་བགམ་ཐེག་ཐུབ་ངེས་ཡིན་པ་དང་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད།
གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། སྤུས་ཚད་ཞིབ་བཤེར། དཔལ་འབྱོར་ཚོང་དོན། ཞིང་ལས། ཚན་རྩལ། རིག་སློབ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་བ་རེད།
ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧོང་ཏུ་ར་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཁ་སི་ཐེ་ལུའོ་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཁ་སི་ཐེ་ལུའོ་ཕེབས་འབྱོར་ཟིན་སྐབས། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་སུ་ཕེབས་ཤིང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཧོང་ཏུ་ར་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་ནས་རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་ཐེངས་21བསྒྲགས་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཁ་སི་ཐེ་ལུའོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
དེ་ཉིན་དགོང་མོ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཁ་སི་ཐེ་ལུའོ་ལ་ཕེབས་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱི་དང་ཆིན་ཀང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།