དར་མདོ་ནས་བྲག་འགོ་བར་མྱུར་བགྲོད་གཞུང་ལམ་བསྐྲུན་རྩིས་འདུག

བདེ་ཆེན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།དཀར་མཛེས་ཉིན་རེའི་ཚགས་པར་ཁང་། སྤེལ་དུས། 06-15


        ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ《བྲག་འགོ་ནས་དར་མདོ་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞི་ལ་མ་དངུལ་འཇོག་པའི་གྲོས་འཆར་ཇུས་གཞི》ལ་བདེ་བླག་ངང་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཆེད་མཁས་པའི་ཞིབ་དཔྱད་ཐོབ་པ་རེད། བྲག་འགོ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་བྲག་འགོ་རྫོང་མཁར་གྱི་ཤར་ནས་འགོ་བཙུགས་ཏེ། G4217ཁྲོན་བོད་བྱང་ལམ་གྱི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་ཤིང་། རྟའུ་རྫོང་བརྒལ་ནས་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་བར་ཡིན་པས། ལམ་ཐིག་ཧྲིལ་པོར་སྤྱི་ལེ་187ཡོད། ལས་གཞི་ལ་ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་350གཏང་རྒྱུ་རེད།

        ལས་གཞི་དེ་ནི་ཁྲོན་བོད་ལྷོ་བྱང་ལམ་ཐིག་གི་མྱུར་བགྲོད་གཞུང་ལམ་གྱི་འབྲེལ་མཐུད་ལམ་ཐིག་གལ་ཆེན་ཞིག་ཡིན་ལ། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་སྦྲེལ་བའི་ས་ཁོངས་ཀྱི་འབྲེལ་མཐུད་ལམ་ཐིག་ཅིག་ཀྱང་ཡིན་པས། རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་ནུབ་ཕྱོགས་ཀྱི་ལམ་ཐིག་གལ་ཆེན་ཞིག་ཀྱང་ཡིན་ཞིང་། བསྐྲུན་ཚར་རྗེས་སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་སྦྲེལ་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཞིང་། མཉམ་དུ་ཕྱུག་འགྱུར་ཡོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཇུས་གཞི་གྲོས་འཆམ་བྱུང་བ་བརྒྱུད་ལས་གཞིའི་མ་དངུལ་ཡོང་ཁུངས་དང་ས་གནས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལ་རིགས་པས་ཁུངས་སྐྱེལ་ཐུབ་པ་དང་། འཛུགས་སྐྲུན་ལས་གཞིའི་ཚོང་འགུགས་མ་འདྲེན་དང་ལག་ལེན་དོན་འཁྱོལ་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། དཀར་མཛེས་ཁུལ་གྱི་ལས་གཞི་འཛུགས་སྐྲུན་མ་འཇོག་གིས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་འཕེལ་རྒྱས་སྐུལ་འདེད་གཏོང་བར་འདེགས་སྐྱོར་དང་འགག་རྩའི་ནུས་པ་གལ་ཆེན་ལྡན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1