འཛམ་ཐང་གི་ཞིང་སྡེའི་བཞི་བཟང་ལམ་རྒྱུད་ཀྱི་མཛེས་ལྗོངས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 06-20


        ཟླ་6པའི་འཛམ་ཐང་རྫོང་དུ་དབྱར་གྱི་ལང་ཚོ་རབ་ཏུ་རྫོགས། འཛམ་ཐང་རྫོང་གི་ཁོད་ཡངས་པའི་རྒྱལ་ལམ་དང་ཞིང་སྡེའི་བགྲོད་ལམ་བརྒྱུད་དེ་འོང་ན་མེ་ཏོག་སེར་བོ་དང་རྒྱ་སྨུག ཡང་ན་མེ་ཏོག་སྔོན་པོ་ཚོམ་བུ་དང་ཚོམ་བུ་བྱས་ཏེ་ལྷུག་པོར་གྲོལ་ཡོད་ཅིང་། ལྗང་ཤིག་ཤིག་གི་སྦྱར་སྡོང་ཡོ་ཀྱོག་མེད་པར་ཕྲེང་སྟར་གཅིག་ཏུ་བསྒྲིགས། གཙང་བོ་དལ་གྱིས་འབབ་པ་དང་ཚིང་ཚིང་ནགས་ཚལ་སྟུག་པོ། རི་བོ་ལྷུན་གྱིས་ཆགས་པའི་ཀླུང་དུ་གཞུང་ལམ་གྱི་རྨུ་ཐག་རིང་མོ་ནི་དཔལ་ཡོན་རྫོགས་པའི་རི་ཆུར་ཕུལ་བའི་དར་དཀར་ཡུག་གཅིག་དང་འདྲ་བར་རླངས་འཁོར་ལམ་དུ་བགྲོད་པ་དང་མི་རྣམས་རི་མོར་རྒྱུ་བའི་མཛེས་སྡུག་གི་ལྡེབས་རིས་ཤིག་བཀྲ་འོང་།

        ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་དམིགས་འཛུགས་རོགས་སྐྱོར་འོག ཞིང་སྡེའི་བཞི་བཟང་ལམ་གྱི་དཔེ་སྟོན་རྫོང་གསར་དུ་གཏོད་པར་གཞི་ཚུགས་ཏེ་སྤུས་ཚད་མཐོ་བའི་ཞིང་སྡེའི་བཞི་བཟང་ལམ་འཕེལ་རྒྱས་གཏོང་བའི་བགྲོད་ལམ་འཚོལ་ཞིབ་བྱས། འཛམ་ཐང་རྫོང་གིས་འགྲིམ་འགྲུལ་ཆེན་མོ་སྟོབས་ལྡན་དང་དམངས་འཚོ་ཆེན་མོར་ཞབས་ཞུ། འཕེལ་རྒྱས་ཆེན་མོར་སྐུལ་འདེད་གཏོང་བའི་སྤྱིའི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལྟར། སྤུས་ཚད་མཐོ་བའི་ཞིང་སྡེའི་བཞི་བཟང་ལམ་འཕེལ་རྒྱས་གཏོང་བ་དང་གྲོང་སྡེ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་ཞིང་། ལམ་གྱིས་དམངས་ལ་ཕན་འདོགས་པ་དང་ལམ་གྱིས་ལས་རིགས་དར་སྤེལ་གཏོང་བའི་ལམ་ཕྱོགས་རྒྱུན་སྐྱོང་བ། འགྲིམ་འགྲུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ལག་བསྟར་བྱས་ནས་ལྗོངས་ཁུལ་དང་ཐོན་རྫས་གཉེར་སྐྱོང་ལེགས་པོ་བྱས།

        ད་ལྟ་བགྲོད་ལམ་བཟང་བས་འགྲིམ་འགྲུལ་སྟབས་བདེ་བ། ལོ་རེར་ལྗོངས་་སྐོར་བ་མང་པོ་གནས་འདིར་ཡོང་ནས་ལྗོངས་་སྐོར་བྱེད་པ་ཡིན། ང་ཚོའི་སྡེ་བའི་མི་མང་པོས་སྒོ་དྲུང་དུ་ཚོང་ལས་གཉེར་ནས་དམངས་ཁང་དང་ཟ་ཁང་ཕྱེས་ཏེ་ཡོང་འབབ་འཚོལ་ཐུབ། འདི་ནི་སྔོན་ཆད་ཡིད་ལའང་མ་དྲན་པ་ཞིག་ཡིན་ཞེས་གད་ཐོག་ཡུལ་ཚོའི་བསེར་སྐོར་སྡེ་བའི་སྡེ་མི་བསོད་ནམས་ལྷ་མོས་ཕ་ཡུལ་གྱི་ལམ་གྱི་འགྱུར་ལྡོག་གླེང་སྐབས་དགའ་སྤྲོའི་ངང་བཤད།

        ལྗོངས་སྐོར་ལམ་དང་ཐོན་ལས་ལམ་རེ་རེ་རྒྱ་ཆེ་བའི་ཞིང་སྡེའི་ས་ཆེན་དུ་དྲ་བ་ལྟར་བླས་ཡོད་ཅིང་། གསར་དུ་བསྐྲུན་པའི་གཞུང་ལམ་རེ་རེས་གྲོང་ཁྱེར་དང་ཞིང་སྡེ་གཅིག་ཏུ་སྦྲེལ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོ་རུ་བཏང་།

        ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་ཞིང་སྡེའི་གཞུང་ལམ་སྤྱི་ལེ་77.438བསྐྲུན་པ་དང་མ་དངུལ་སྒོར་དུང་ཕྱུར་2.4281་བཏང་། དེའི་ཁྲོད་དུ་ཨར་འདམ་གྱི་བགྲོད་ལམ་སྤྱི་ལེ་50.349གསར་དུ་བསྐྲུན་པ་དང་གཞུང་ལམ་ཞིག་གསོ་བཟོ་སྐྲུན་སྤྱི་ལེ་142.7འདུས། མིག་སྔར་བར་དུ་རྫོང་ཡོངས་ཀྱི་རླངས་འཁོར་བགྲོད་ལམ་ཤར་གཏོང་ཚད་ལམ་ཐག་སྤྱི་ལེ་1028.8་ཟིན། དེའི་ཁྲོད་དུ་ཞིང་སྡེའི་གཞུང་ལམ་ལམ་ཐག་སྤྱི་ལེ་744.7ཡོད། གཞུང་ལམ་ཚད་རིམ་སྡུར་ཚད་བརྒྱ་ཆ98.9ཟིན་ལ་ལམ་ངོས་གདིང་བའི་སྡུར་ཚད་བརྒྱ་ཆ92.4ཟིན་ཞིང་གཞུང་ལམ་སྲུང་སྐྱོང་སྡུར་ཚད་བརྒྱ་ཆ100ཟིན་པ་དང་གཞུང་ལམ་ཟམ་པ་50ཡོད་པས། སྔོན་ཆད་ཀྱི་འགྲིམ་འགྲུལ་བགྲོད་དཀའ་བ་ནས་འགྲིམ་འགྲུལ་ཤར་གཏོང་ཐུབ་པའི་རྫོང་དུ་གྱུར།

        མདའ་ལྟར་དྲང་བའི་གཞུང་ལམ་ཡུལ་གྲོང་རེ་རེ་ནས་རུ་སྡེ་རེ་རེར་བརྒྱུད་ཡོད་པས་མང་ཚོགས་ལ་འགྲིམ་འགྲུལ་འགྲོ་འོང་གི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་མ་ཟད་གྲོང་སྡེ་དར་རྒྱས་དང་གྲོང་སྡེ་མཛེས་སྡུག་ཡོང་བར་བྱས་ཏེ་ཞིང་བ་མང་ཚོགས་ལ་གཞུང་ལམ་འཛུགས་སྐྲུན་བྱས་པའི་ཕན་ཁེ་ཐོབ་ཏུ་བཅུག་ཅིང་གྲོང་སྡེ་དར་རྒྱས་སུ་གཏོང་བའི་གསོན་ཤུགས་འབར་བར་བྱས།

        གཞུང་ལམ་ནི་འཛུགས་སྐྲུན་ལེགས་པོ་བྱེད་དགོས་པ་མ་ཟད་བདག་སྐྱོང་ཡག་པོའང་བྱེད་དགོས་པས་གཞུང་ལམ་བདག་སྐྱོང་ནི་གནད་འགག་ཡིན། ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་གི་ཐད་ལ་འཛམ་ཐང་རྫོང་གིས་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་ལག་བསྟར་བྱེད་ཐབས་བཏོན་ཞིང་ཞིང་སྡེའི་གཞུང་ལམ་དོ་དམ་ས་ཚིགས་11བཙུགས་པ་དང་བདག་སྐྱོང་མི་སྣ་202བཀོད་སྒྲིག་བྱས་ནས་རྫོང་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་སྤྱི་ལེ་744.7ཡོད་པ་ཚང་མ་བདག་སྐྱོང་གི་ཁྱབ་ཁོངས་སུ་ཚུད་པ་བྱས་ཏེ་ཞིང་སྡེའི་གཞུང་ལམ་བདག་སྐྱོང་ཚད་བརྒྱ་ཆ100ལོན་པ་བྱས་ནས་དོན་དངོས་སུ་ལམ་ཡོད་ན་ངེས་པར་དུ་བདག་སྐྱོང་ཐུབ་པ་བྱས་ཡོད། གཞུང་ལམ་འཛུགས་སྐྲུན་བདག་སྐྱོང་གཞི་ཁྱོན་ལ་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་སྟེ་རྩ་བའི་ཆ་ནས་གཞུང་ལམ་ཤར་གཏོང་ཐུབ་པའི་རྣམ་པ་གྲུབ་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགྲིམ་འགྲུལ་གྱི་འདེགས་སྐྱོར་བརྟན་མོ་མཁོ་འདོན་བྱས་ཡོད།

        མྱུར་བགྲོད་གཞུང་ལམ་རེ་རེ་རྒྱང་རིང་དུ་འཐེན་ཡོད་པ་དང་སྣུམ་ལམ་ཐག་པ་རེ་རེ་གྲོང་སྡེར་འཐེན་ཡོད་ལ། སྤྱི་སྤྱོད་རླངས་འཁོར་རེ་རེས་གྲོང་ཁྱེར་དང་ཞིང་སྡེའི་འཚོ་བ་མཉམ་དུ་སྦྲེལ་བ་སོགས་འཛམ་ཐང་གི་ཁོངས་ཡོངས་འགྲིམ་འགྲུལ་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ་ནས་དམངས་འཚོ་བདེ་སྐྱིད་ཀྱི་འཚོ་བའི་མེ་ལྕེ་དགུང་དུ་མཆེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1