ལི་ཆང་གིས་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-27



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་གྲོས་མོལ་གནང་བ་རེད།

        ལི་ཆང་གིས་པ་པ་ཏོ་སི་ནི་ཅ་ལེ་པིའི་ས་ཁུལ་གྱི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཡིན། དུས་བབ་གསར་པའི་འོག་ཀྲུང་གོ་ཕྱོགས་ཀྱིས་པ་པ་ཏོ་སི་ཕྱོགས་དང་འཐབ་ཇུས་ཀྱི་ཕན་ཚུན་ཡིད་རྟོན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཁར། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་བཏང་སྟེ་ཀྲུང་པའི་འབྲེལ་བ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་བྱེད་པའི་དཔེ་མཚོན་ཞིག་ཏུ་གཏོད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་པ་ཏོ་སི་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། པ་པ་ཏོ་སིའི“དཔལ་འབྱོར་སླར་གསོ་དང་ཕྱོགས་སྒྱུར་འཆར་གཞི”དེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་སྔར་བས་འབྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་པ་པ་ཏོ་སིར་མ་འཇོག་ལས་གཏོད་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྐུལ་མ་གཏོང་རྒྱུ་དང་ཆབས་ཅིག པ་པ་ཏོ་སིའི་ལེགས་ཆའི་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་པ་པ་ཏོ་སིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་མུ་མཐུད་བྱེད་འདོད་ཡོད། པ་པ་ཏོ་སི་ཕྱོགས་ཀྱིས་ཀྲུང་གོ-ཅ་ལེ་པིའི་འཕེལ་རྒྱས་ལྟེ་གནས་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ལི་ཆང་གིས་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཐད་ཀྱི་གནས་བབ་དང་དམིགས་བསལ་དོ་ཁུར་བྱེད་པ་ཀྲུང་གོ་ཕྱོགས་ཀྱིས་གསལ་པོ་ཤེས་ཀྱི་ཡོད། མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཐབས་མཉམ་དུ་འཚོལ་ཞིབ་བྱེད་པ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནུས་རྒྱུ་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

        མོ་ཐེ་ལིས་པ་པ་ཏོ་སི་ཕྱོགས་ཀྱིས་པ་ཀྲུང་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོས་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུར་གཞོལ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་པ་ཏོ་སིར་སྨན་བཅོས་རུ་ཁག་མངགས་པ་དང་པ་པ་ཏོ་སིས་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་པར་པ་པ་ཏོ་སི་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཞིང་ལས་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དབུལ་པོ་ཉུང་གཏོང་། ཡུལ་སྐོར། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་འདོད་ཀྱང་ཡོད། པ་པ་ཏོ་སི་ཕྱོགས་ཀྱིས“འབྲེལ་གཅོད་ཕྲེང་གཏུབ”ལ་ངོ་རྒོལ་བྱས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་དང་རྒྱལ་སྤྱིའི་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་འཁོར་འབྲེལ་བརྟན་པོ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1