ཆོས་དུང་དཀར་པོ་མདོ་ཙམ་ཞུ་བ་ལ། དང་པོ་ཆོས་དུང་དཀར་པོ་ནི། ཇི་སྐད་དུ་དུང་གི་སྲིད་པ་བཤད་པ་ན།། ཕ་ནི་གཡུ་འབྲུག་སྔོན་མོ་ལ།། མ་ནི་གསེར་ཉ་གཡུ་གཤོག་ཡིན།། བུ་ནི་དུང་པོ་ཨ་གྲགས་ཟེར།། མཚོ་སྨན་རྒྱལ་མོའི་མིང་པོ་སྟེ།། གདེང་ཅན་ཀླུ་ཡི་ མཆེད་ཟླ་ཡིན།། ཆུ་སྲིན་གདུག་པའི་གཤེད་མ་ཡིན།། ཞེས་འབྱུང་བ་ལྟར་དུང་ནི་ལྷ་ཀླུ་མི་གསུམ་གྱི་ཡུལ་ཀུན་ཏུ་ཡོད་པར་གྲགས་ལ། དེ་ཡང་མདོ་རྒྱ་ཆེར་རོལ་པ་སོགས་ལས། བྱང་ཆུབ་སེམས་དཔའ་ དགའ་ལྡན་ནས་འཛམ་བུའི་གླིང་དུ་འཕོ་བར་བཞེད་པ་ན་ལྷ་ཡི་བུ་ འགའ་ཞིག་གིས། དེང་སང་འཛམ་བུ་གླིང་ན་རྟོག་གེ་བ་དྲུག རྗེས་སུ་སྒྲོགས་པ་དྲུག སྙོམས་འཇུག་པ་དྲུག་སོགས་མུ་སྟེགས་པའི་སྟོན་པ་འཁོར་དང་བཅས་པས་གང་ཞིང་ཡུལ་མ་རུངས་པར་བྱས། དེ་བཞིན་གཤེགས་པ་བྱོན་པའི་དུས་མ་ཡིན་ཞེས་བཤོལ་བཏབ་པ་ན། བྱང་ཆུབ་སེམས་དཔས་འཁོར་རྣམས་ལ་རོལ་མོ་ཐམས་ཅད་དུས་གཅིག་ཏུ་དཀྲོལ་ཅིག་གསུངས་པ་ལྟར་རོལ་མོ་སྣ་ཚོགས་ཀྱིས་སྒྲས་གང་བ་ལ། བྱང་ཆུབ་སེམས་དཔའ་ཉིད་ཀྱིས་དུང་དཀར་བུས་པའི་སྒྲས་ཐམས་ཅད་ཟིལ་གྱིས་མནན་ཞེས་འབྱུང་བ་དང་། སྔོན་ཐུབ་པའི་དབང་པོ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ལྷ་དབང་བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་ཕུལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་སོགས་མདོ་སྡེ་ལས་གསུངས་ཤིང་། མ་གྷ་དྷ་རྡོ་རྗེ་གདན་དང། ན་ལེནྡྲ། བི་ཀྲ་མ་ཤི་ལ། སོ་མ་པུ་རི། དཔལ་ལྡན་ འབྲས་སྤུངས་སོགས་འཕགས་ཡུལ་ཆོས་འཁོར་རྣམས་སུ་ཆོས་དུང་ཡོད་པར་གྲགས་ལ། བོད་ཡུལ་དུ་དེང་དུས་ཀྱང་བཞུགས་པ་དཔལ་ལྡན་ས་སྐྱ་པའི་ཆོས་དུང་དཀར་མོ་རྒྱང་གྲགས་དང་། སྔོན་འཕགས་པ་ཀུན་དགའ་བོས་དགའ་ལྡན་འགོག་པའི་རིའི་ཆུ་མཚམས་སུ་སྦས་པའི་ ཆོས་དུང་ཞིག་རྗེ་བློ་བཟང་གྲགས་པས་གཏེར་ནས་སྤྱན་དྲངས་པ་དེང་དུས་ཀྱང་བཞུགས་པ་སོགས་མངའ་རིས་དབུས་གཙང་མདོ་ཁམས་ཀྱི་དགོན་སྡེ་ཀུན་ཏུ་ཆོས་དུང་དཀར་མོ་འདི་ཉིད་ཡོད་པ་བཞིན་ནོ།། མཚོན་དོན་ནི་ཁ་དོག་དཀར་བ་ནི་དཀར་ཕྱོགས་ཀྱི་དབུ་འཕང་བསྟོད་པ་དང་། རི་མོ་གཡོན་དུ་འཁོར་བ་ལ་ས་ལམ་རིམ་གྱིས་བགྲོད་པ། རི་མོའི་མུ་འཁྱུད་གཡས་སུ་འཁྱིལ་བ་བསམ་རྒུའི་རེ་བ་སྐོང་བ། སྦུབས་སྟོང་ཆོས་སྐུ། དུང་སྒྲ་འགག་མེད་ལོངས་སྐུ། ནང་གི་རྐན་གཉེར་རི་མོ་ནི་སྤྲུལ་སྐུ་གདུལ་བྱ་སྣ་ཚོགས་ཀྱི་དོན་བྱེད་པ། སྐྱེས་བུའི་བྱེད་རྩོལ་གྱི་སྒྲ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མཚོན་པའོ།།ཆོས་དུང་འབུད་པའི་དགོས་པ་ནི། ནག་པོ་ཆེན་པོའི་གཞུང་ལས། དུང་སྐད་ལན་གཅིག་སྟེང་དུ་བསྒྲགས།། ལྷ་རྣམས་མ་ལུས་དབང་དུ་བསྡུས།། ཚངས་པ་བརྒྱ་བྱིན་ལས་ལ་བཀོལ། དུང་སྐད་གཉིས་པ་བསྒྲགས་པ་ཡིས།། མི་དང་མི་མིན་དབང་དུ་འདུད།། དུང་སྐད་གསུམ་གྱི་ང་རོ་ཡིས།། དཀོན་མཆོག་གསུམ་དང་རྩ་བ་གསུམ།། གོང་མ་སྲི་ཞུའི་ཡུལ་ཀུན་མཆོད།། ཅེས་སོགས་རྒྱ་ཆེར་འབྱུང་བ་བཞིན་ནོ།།