འདི་ནི་ཟླ་6ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་མཉམ་སྡེབ་དང་གླེང་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བཞིན་པ།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གིས་དཀྲིས་པའི་ལས་འགན་དང་འགན་འཁྲི་ཕྲག་ཏུ་ཏན་ཏིག་ཁུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་རྒྱ་ཆེའི་གཞོན་ནུ་ཚོས་འགན་འཁྲི་ལྕི་པོ་འཁུར་རྒྱུར་སྐུལ་སྤེལ་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་མཉམ་སྡེབ་དང་གླེང་མོལ་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རེ་བ་དེ་གཞོན་ནུ་ཚོར་བཅོལ་ཡོད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གིས་དཀྲིས་པའི་ལས་འགན་དང་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་བ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བཅས་བྱས་ནས། གཞོན་ནུ་མི་རབས་ཏང་གི་མཐའ་འཁོར་དུ་དེ་བས་ལེགས་པའི་ངང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་མུ་མཐུད་འབད་འཐབ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་མཉམ་སྡེབ་གླེང་མོལ་ནང་ཞུགས་པ་རེད།
ཞི་ཅིན་ཕིང་གིས་དང་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་གཞོན་ནུའི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་འཕོ་འགྱུར་གཏིང་ཟབ་བྱུང་ནས། ཏང་གིས་གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་དང་། སྡེ་ཚོགས་ཀྱི་རང་ཚུགས་ཀྱི་རྩ་བ་དང་ཆབ་སྲིད་ཀྱི་བླ་སྲོག་སྔར་བས་བརྟན་དུ་ཕྱིན་པ། གུང་གཞོན་སྡེ་ཚོགས་ལས་དོན་གྱི་ཁ་ཕྱོགས་དང་ལས་འགན་དེ་བས་ཁ་གསལ་བྱུང་བ། སྡེ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་དེ་བས་མངོན་གསལ་དོད་དུ་ཕྱིན་པ། སྡེ་ཚོགས་ལས་བྱེད་པའི་བསམ་བློའི་སྤྱོད་ཚུལ་དང་། ལས་ཀའི་སྤྱོད་ཚུལ། འཚོ་བའི་སྤྱོད་ཚུལ་བཅས་དེ་བས་དགེ་མཚན་ལྡན་པ་དང་སྐྱོན་བྲལ་ཡར་བརྩོན་བཅས་བྱུང་ནས། རྒྱ་ཆེའི་གཞོན་ནུ་ཚོགས་པའི་ཁྲོད་ཀྱི་གཟུགས་བརྙན་གསར་རྐྱང་ཞིག་བཏོད་ཡོད། འདས་ཟིན་པའི་ལོ་5ཡི་རིང་། གུང་གཞོན་སྡེ་ཚོགས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པ་སོགས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས། རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་སྒྲིག་འཛུགས་བྱས་ཏེ་དེའི་ནང་ཧུར་ཐག་ཞུགས་པ་དང་། འགན་འཁྲི་ལྕི་པོ་འཁུར་བ། འཐབ་ས་མདུན་མར་སྐྱོད་པ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་བློ་སྟོབས་དང་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད། ཏང་ཀྲུང་དབྱང་གིས་གུང་གཞོན་སྡེ་ཚོགས་དང་རྒྱ་ཆེའི་གཞོན་ནུ་རྣམས་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་ལ་རེ་བ་ཟབ་མོ་བཅོལ་ཡོད། ཁྱེད་ཚོས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་བཏོན་ཏེ། གུང་གཞོན་སྡེ་ཚོགས་ཀྱི་བྱ་གཞག་དང་གཞོན་ནུའི་ལས་དོན་ལ་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ལྟེ་བའི་ལས་འགན་ཀྲུང་གོའི་གཞོན་ནུའི་ལས་འགུལ་དང་གཞོན་ནུའི་ལས་དོན་གྱི་བརྗོད་དོན་གཙོ་བོ་དང་ཁ་ཕྱོགས་སུ་བརྩི་དགོས། དེ་ནི་ལོ་ངོ་བརྒྱ་ལྷག་ཙམ་རིང་གི་ཀྲུང་གོའི་གཞོན་ནུའི་ལས་འགུལ་དང་གཞོན་ནུའི་ལས་དོན་གྱི་གཞི་རྩའི་ཉམས་མྱོང་ཞིག་རེད། གུང་གཞོན་སྡེ་ཚོགས་ནི་ཏང་གི་ལས་རོགས་དང་རྗེས་གྲབས་དམག་ཡིན་པའི་ངོས་ནས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ནང་གཏན་འཁེལ་བྱས་པའི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ལས་དོན་སྤེལ་ནས། ཁ་ཕྱོགས་སྟངས་འཛིན་དང་འབད་འབུངས་ཡར་བརྩོན་བྱེད་དགོས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བར་རྒྱ་ཆེའི་གཞོན་ནུ་ཚུད་པའི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་མུ་མཐུད་དཀའ་ཚེགས་ལས་སྒྲོལ་བ་དང་འགག་སྒྲོལ་དཀའ་སེལ་བྱེད་དགོས། གུང་གཞོན་སྡེ་ཚོགས་ཀྱིས་དུས་རབས་གསར་པའི་གཞོན་ནུའི་ལས་དོན་གྱི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། ཆེས་རྒྱ་ཁྱབ་ངང་གཞོན་ནུ་མཐུན་སྒྲིལ་དང་། སྒྲིག་འཛུགས། སྐུལ་སློང་བཅས་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ཚོར་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་པ་དང་། རྒྱལ་སྟོབས་འཕེལ་བར་ང་ཡི་ལང་ཚོ་སྐྱེས་སུ་འབུལ་བའི་སེམས་ཤུགས་འཕེལ་བར་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཁྲོད་གདོང་ལེན་རུ་ཁག་དང་འཕྲལ་རྒོལ་རུ་ཁག་བྱེད་ཕོད་པ་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱ་ཆེའི་གཞོན་ནུ་ཚོར་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞོན་ནུ་ཚོར་ཕུགས་བསམ་ཡོད་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཐུབ་པ་བཅས་བྱུང་ཚེ། ཀྲུང་གོའི་གཞོན་ནུར་གཞི་ནས་སྟོབས་ཤུགས་འཕེལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་གཞི་ནས་རེ་བས་ཁེངས་ཐུབ། རྒྱ་ཆེའི་གཞོན་ནུ་རྣམས་ལ་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་གཞོན་ནུ་རྣམས་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་བརྟན་དུ་གཏོང་བ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆབ་སྲིད་ཀྱི་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་རླབས་རྒྱུན་ཁྲོད་ཡང་དག་པའི་མི་ཚེའི་དམིགས་ཚད་གཏན་འཁེལ་བྱས་ནས། ཚེ་གང་གི་འབད་འཐབ་ཆེད་རྨང་གཞི་བརྟན་པོ་འདིང་དགོས། གུང་གཞོན་སྡེ་ཚོགས་ཀྱིས་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཨང་དང་པོར་བཞག་ནས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ། ཏང་ལ་སྐྱོན་བྲལ་དང་གསོན་ཤུགས་ལྡན་པའི་གཞོན་ནུ་གསར་པ་ཟམ་མི་ཆད་པར་གསོ་སྐྱོང་བྱེད་དགོས། རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་ཚོར་ཁ་ཕྱོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་ཚོར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་རྒྱུར་ཁྲིད་སྟོན་བྱེད་པ། ཚན་རིག་དང་མཐུན་པའི་བསམ་བློའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ། དེའི་ནང་འདུས་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་བྱེད་མཁས་པོ་བཅས་བྱས་ནས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལ་གོ་བ་ལེན་ཤུགས་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གུང་གཞོན་སྡེ་ཚོགས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ལས་འགན་གལ་ཆེན་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། རྒྱ་ཆེའི་གཞོན་ནུ་སྒྲིག་འཛུགས་དང་སྐུལ་སློང་གིས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས། ཚན་རྩལ་གསར་གཏོད་དང་། གྲོང་གསེབ་དར་རྒྱས། འབྱུང་འཕྲོད་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་ལས་དོན་ཁྲོད་གདོང་དམག་དང་གསོན་ཤུགས་དམག་བརྩོན་ལེན་བྱས་ཏེ་ལང་ཚོའི་གསོན་ཤུགས་མངོན་པར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དང་བསྟུན་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གྲི་དངོ་ནང་གཏད་བྱེད་ཕོད་པ། སྡེ་ཚོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་སྡེ་ཚོགས་དོ་དམ་དང་བཅོས་སྐྱོང་ནན་པོ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་ལམ་བུར་ཡག་པོ་སྐྱོད་པ་བཅས་བྱས་ཏེ་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་རྒྱུན་འཁྱོངས་དང་ཆེ་རུ་གཏོང་དགོས་པ་དང་། སྡེ་ཚོགས་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་། སྒྲིག་འཛུགས་ནུས་པ། ཞབས་འདེགས་ཞུ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རིམ་གྱི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྡེ་ཚོགས་རྩ་འཛུགས་ཀྱི་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་གཞོན་ནུ་མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས། རྒྱ་ཆེའི་སྡེ་ཚོགས་ལས་བྱེད་པས་ཏང་ཆེད་གཞོན་ནུའི་ལས་དོན་སྒྲུབ་པའི་རྩ་ཆེའི་གོ་སྐབས་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་ཆབ་སྲིད་ཀྱི་ནུས་པ་དང་། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད། མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། བློ་གཅིག་སེམས་གཅིག་ངང་རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབས་ནས་དོན་དངོས་དང་མཐུན་པའི་ལས་རྗེས་ལ་བརྟེན་ནས་ཏང་གི་ཡིད་ཆེས་ཐོབ་པ་དང་། སྤྱི་ཚོགས་ཀྱི་བརྩི་འཇོག་ཐོབ་པ། གཞོན་ནུའི་བསྔགས་བརྗོད་ཐོབ་པ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་མཇུག་ཏུ་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གིས་གཞོན་ནུར་དོ་དམ་བྱེད་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་གི་འགོ་ཁྲིད་འོག་སྡེ་ཚན་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ཐོག་ནས་གཞོན་ནུའི་འཕེལ་རྒྱས་བྱ་གཞག་གི་ལས་ཀའི་རྣམ་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གུང་གཞོན་སྡེ་ཚོགས་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལྷག་བསམ་རྣམ་དག་ངང་གཞོན་ནུའི་གྲོགས་པོ་བློས་ཐུབ་དང་གཞོན་ནུ་མང་ཚོགས་ཀྱི་སྣེ་ཁྲིད་པ་ཞིག་བྱེད་དགོས་ཞེས་གསུངས་པ་རེད།