ཟླ་དྲུག་པའི་མཛོད་དགེའི་རྩྭ་ཐང་ཆེན་མོར་མེ་ཏོག་རྣམ་པར་བཞད་ཅིང་མཛེས་ལྗོངས་ལྷ་ཡུལ་ལས་ཀྱང་མཛེས། མཛེས་སྡུག་ལྡན་པའི་བབ་བཟོ་ཡུལ་ཚོས་རྩྭ་ཐང་ང་ཡི་ཕ་ས་ཡིན། སྲུང་སྐྱོང་ཀུན་ལ་རག་ལས་ཞེས་པའི་དབྱར་སྟོན་བྱེད་སྒོ་གཟབ་རྒྱས་ངང་སྤེལ། ས་གནས་ཀྱི་མང་ཚོགས་རྣམས་ཀྱིས་གླུ་གར་གྱི་རྒྱ་མཚོའི་ཀློང་ནས་བདེ་སྐྱིད་ཀྱི་སྤྲོ་སེམས་ལེགས་པར་མཚོན།
བྱེད་སྒོའི་ཡུལ་དངོས་སུ་ནམ་མཁའ་སྔོན་ཞིང་བསངས་ལ་གླུ་གར་གྱི་རྒྱ་མཚོ་ཀུན་ནས་འཁྱིལ། སྡེ་དམངས་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་སེམས་ལ་ངར་ཤུགས་དང་སྤྲོ་སྣང་གིས་ཁེངས། དམན་བུ་མོ་རྣམས་ལ་སྒེག་ཉམས་འཛོམས་ཤིང་སྟག་ཤ་ར་རྣམས་ལ་དཔའ་ཉམས་རྒྱས། རྒན་ཚེ་ཐག་ཅན་ནི་བྱམས་བརྩེས་ཁེངས་ཤིང་སྙིང་བུ་ཕྲུག་རྣམས་ནི་དག་སྣང་ཆེ། དར་དཀར་སྤྲིན་སྨུག་གིས་ཚང་ཚིང་གི་རི་ལ་གཡང་ཊིའི་སྐ་རགས་བཅིངས་ཤིང་། རི་སྐྱེས་ཀྱི་མེ་ཏོག་སྣ་ཚོགས་རྩྭ་ཐང་གི་ཕང་བར་སྐར་ཚོགས་བཞིན་ཁྲ་ཆིལ་ལེར་བཞད། གླུ་གར་གྱི་ཉམས་འགྱུར་དང་དགའ་སྤྲོའི་འབོད་སྒྲ། ཐལ་མོའི་རྡེབ་སྒྲ་བཅས་ཀྱི་རྦ་རླབས་ཀུན་ནས་འཕྱུར་བས། མཛེས་ཤིང་ལྟ་ན་སྡུག་ཅིང་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག
བབ་བཟོ་ཡུལ་ཚོའི་སྒར་ཙི་སྡེ་བའི་སྡེ་དམངས་བསྟན་དགེས་བཤད་རྒྱུར། དེ་རིང་སྡེ་བ་ཡོངས་ཀྱི་མང་ཚོགས་འདིར་འཛོམས་ཏེ་དབྱར་སྟོན་ལ་རོལ་བས་ཤིན་ཏུ་དགའ་ཡོད། ད་ལོའི་དབྱར་སྟོན་ནི་སྔོན་ཆད་ལས་ཧ་ཅང་གཟབ་རྒྱས་ལྡན་པ་ཞིག་ཡིན་པས། ང་ཚོ་སེམས་གཏིང་ནས་ཤིན་ཏུ་དགའ་ཞིང་སྐྱིད་ཡོད་ཟེར།
བབ་བཟོ་ཡུལ་ཚོའི་སྒར་ཙི་སྡེ་བའི་སྡེ་དམངས་དོན་གྲུབ་ཚེ་རིང་གིས་བཤད་རྒྱུར། དེ་རིང་ང་ཚོའི་སྡེ་བ་འདིར་དབྱར་སྟོན་ལ་རོལ་བཞིན་ཡོད། སྡེ་དམངས་རྣམས་ཀྱི་ཡིད་སེམས་ཤིན་ཏུ་དགའ་ཞིང་། སྡེ་བ་ཡོངས་ཀྱི་སྐྱེས་ཕོ་མོ་ཐམས་ཅད་འདིར་འཛོམས་ཏེ། ཚང་མས་མཉམ་དུ་རྫོགས་ལྡན་དབྱར་གྱི་དུས་སྟོན་ལ་དགའ་བས་རོལ་བཞིན་ཡོད་ཟེར།
དབྱར་སྟོན་ནི་དབྱར་གཞུང་གི་རྟེན་འབྲེལ་མཛད་སྒོ་ཆེན་མོ་ཞིག་ཡིན་ལ། གནའ་ནས་ད་ལྟའི་བར་མཛོད་དགེའི་ས་ཁུལ་ལ་མཚོན་ན་དབྱར་སྟོན་ནི་ཨ་མདོའི་སྲོལ་རྒྱུན་གྱི་དམངས་སྲོལ་ཞིག་ཡིན་ལ། རང་བྱུང་ཁམས་ལ་དད་བཀུར་དང་དྲིན་གཟོ་བར་མ་ཟད། རང་བྱུང་ཁམས་ཀྱི་སྐྱེས་འབུལ་དགའ་བས་དང་དུ་ལེན་པ་སོགས་ཀྱི་ནང་དོན་ལྡན། ལོ་རེའི་ཟླ་དྲུག་པ་དང་བདུན་པར་རྩྭ་ཐང་གི་ནམ་ཟླ་ཤིན་ཏུ་ལེགས་ཤིང་། རྩྭ་ཐང་གི་མི་རྣམས་ཀྱིས་སྦྲ་གུར་དང་ཟས་རིགས་འཛོམས་པོ་གྲ་སྒྲིག་བྱས་ཏེ། མཛེས་སྡུག་ལྡན་པའི་རྩྭ་ཐང་གི་ཕང་བར་སྐྱིད་པའི་གར་ལ་རོལ་ཞིང་། རང་བྱུང་ཁམས་ཆེན་མོའི་སྐྱེས་འབུལ་དང་དུ་ལེན་བཞིན། དབྱར་དུས་ཀྱི་སྲོལ་རྒྱུན་དུས་སྟོན་ཏེ་དབྱར་སྟོན་གྱི་རྟེན་འབྲེལ་མཛད་སྒོའི་དཔལ་ལ་རོལ་བ། དབྱར་སྟོན་གྱི་སྐབས་འདིར་བོད་རིགས་མང་ཚོགས་རྣམས་རྩྭ་ཐང་ཆེན་མོར་ལྷན་དུ་འཛོམས་ཏེ། རང་བྱུང་གི་མཛེས་ལྗོངས་དང་རྟ་རྒྱུག་མདའ་འཕེན། གླུ་གར་གྱི་རྒྱ་མཚོ། ཤ་ཆང་གི་ལོངས་སྤྱོད། མེ་ཕུང་གི་སྐོར་བྲོ་སོགས་ལ་དགའ་བས་རོལ་བས། རྩྭ་ཐང་ཆེན་མོ་ནི་སྤྲོ་སྐྱིད་དང་ཞི་མཐུན་གྱི་ཕ་ས་ངོ་མའོ།།
སྟངས་སྟབས་མཛེས་པའི་ཞབས་བྲོ་དང་སྙན་འཇེབས་ལྡན་པའི་གླུ་སྒྲ་ཡིས། རྩྭ་ཐང་གི་བུ་དང་བུ་མོའི་གླུ་གར་ལ་མཁས་པའི་ལྷན་སྐྱེས་ཀྱི་འཇོན་ཐང་དང་། སྤྲོ་སྣང་ལྡན་ཞིང་མགྲོན་བསུ་ལ་དགའ་བའི་དམངས་སྲོལ་རིག་གནས་སོགས་ཀྱི་མཛེས་པ་ཀུན་ལ་ངོམས།
ཀན་སུའུ་ཡི་ཡུལ་སྐོར་བས་བཤད་རྒྱུར། ས་ཆ་འདི་ངོ་མ་ཤིན་ཏུ་སྐྱིད་པོ་རེད། ས་གནས་ཀྱི་བོད་རིགས་གྲོགས་པོ་རྣམས་ལྷག་ཏུ་སྤྲོ་སེམས་ལྡན་ལ་མགྲོན་བསུ་ལ་དགའ། ས་འདིའི་ཡུལ་ལྗོངས་མི་ལ་འཕྲོད་ཅིང་ཤིན་ཏུ་མཛེས་ཟེར།
རྒྱུས་ལོན་པ་ལྟར་ན། སྤྱི་ཚོགས་ཡོངས་ཀྱི་བརླན་ས་སྲུང་སྐྱོང་འདུ་ཤེས་སྔར་ལས་ཇེ་ཆེར་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྦགས་མེད་འཕེལ་རྒྱས་ལྟ་བ་ཆེར་བཏང་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བརླན་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་ལས་སྒོར་ཞུགས་པར་སྐུལ་སློང་བྱེད་ཆེད། དབྱར་སྟོན་རིང་བབ་བཟོ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ད་དུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརླན་ས་སྲུང་སྐྱོང་བཅའ་ཁྲིམས》དང《སི་ཁྲོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོང་བཅའ་ཁྲིམས》《རྔ་བ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཤེས་བྱ་དམིགས་སུ་བཟུང་སྟེ། བོད་རྒྱ་སྐད་གཉིས་ཀྱིས་གོ་སླ་བའི་སྒོ་ནས་མང་ཚོགས་ལ་གཅིག་བསྡུས་ཀྱིས་སྒྲོག་འགྲེལ་བྱས་པས། རོང་འབྲོག་མང་ཚོགས་ཀྱི་རྩྭ་ཐང་སྲུང་སྐྱོང་འདུ་ཤེས་ཇེ་ཆེར་བཏང་བར་མ་ཟད། བརླན་སའི་རྩྭ་ཐང་སྲུང་སྐྱོང་གི་གདེང་ཚོད་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་།