ཟླ་6ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས་ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་འཚམས་འདྲིར་གདན་དྲངས་ནས་ཐུན་མོང་ཐོག་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། འདི་ལོ་ནི་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བའི་ལོ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་རིམ་པ་ཁག་གི་འགྲོ་འོང་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་ནི་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ལ་འཇོག་ཡུལ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་བརྩི་གི་ཡོད། འདི་ནི་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་དམིགས་ནས་འཐབ་ཇུས་ཀྱི་གདམ་ག་བྱས་པ་ཞིག་ཡིན། ཉིན་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་རུ་འགྲོ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་ཝེ་རྒྱལ་ཁབ་གཉིས་པོས་འདྲ་མཉམ་གཉིས་ཕན་དང་། མཐུན་སྒྲིལ་ཡིད་ཆེས། མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཡག་པ་བསྐྲུན་ཏེ་ཟང་ཟིང་དང་འགྱུར་ལྡོག་མཉམ་འདྲེས་ཀྱི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་མཁོ་འདོན་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཝེ་རྒྱལ་ཁབ་གཉིས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས་ཕན་ཚུན་ཚད་མཐོའི་ཡིད་ཆེས་བྱེད་པའི་བློ་མཐུན་དང་། གཉིས་ཁེ་གཉིས་ཕན་གྱི་རོགས་ཟླ། ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོད་པའི་གྲོགས་པོ་བཅས་ཡིན། ཕྱོགས་གཉིས་པོས་ཏང་སྐྱོང་བ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ནས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོ་སྲུང་བ་དང་། ཕར་ཕྱོགས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་རང་སོ་སོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་ཡག་པོ་བསྐྱོད་པར་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། ཕྱོགས་གཉིས་པོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་། རིག་ལྡན་འགག་སྒོ ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བྲིན་ཁ་རྒྱུག་པའི་ཝེ་ཐེ་ནམ་གྱི་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད་ལ། ཝེ་ཐེ་ནམ་ཕྱོགས་འདིའི་ལོའི་ལོ་སྨད་ཀྱི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་དང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།