ནང་དོན་གནད་བསྡུས།ཨ་རིག་རྒད་པོའི་གཏམ་རྒྱུད་འདི་དག་འབྱུང་ཡུལ་གྱི་ཨ་རིག་མི་སྡེ་ད་ལྟའང་མདོ་ཁམས་སྨད་ན་ཆགས་ཡོད་པས་ན་གོ་བསྐོན་བློ་འགུག་གི་ནུས་པ་བླ་ལྷག་ལྡན། དེ་བས་ན་ཨ་རིག་རྒད་པོའི་གཏམ་རྒྱུད་འདི་བོད་མི་རྒན་མགོ་དཀར་ནས་གཞོན་སོ་དཀར་ཀུན་གྱིས་དང་ལེན་བྱེད་པ་ནི་ཨ་རིག་རྒད་པོའི་གཏམ་རྒྱུད་རང་སྟེང་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཤིག་མངོན་ཡོད་པར་རག་ལས་ཡོད་སྙམ་མོད། ཡིན་ཡང་ཨ་རིག་རྒད་པོའི་གཏམ་རྒྱུད་སྐོར་གྱི་དཔྱད་རྩོམ་ཉིན་མོའི་སྐར་མའི་ཟླ་རུ་འགྲོ་བས་ན་འདི་ལ་ཅུང་ཟད་དཔྱད་པ་བྱས་ཡོད།
གླེང་གཞི།
ཨ་རིག་རྒད་པོའི་གཏམ་རྒྱུད་ནི་ཨ་རིག་ཚོ་ཁག་ཙམ་མ་ཡིན་པར་བོད་ཀྱི་མི་སྡེ་གཞན་དག་གམ་ཡུལ་ལུང་གཞན་དག་ཀུན་དུ་རྒྱུག་ཆེ་ཞིང་རིམ་བཞིན་བོད་མི་ཀུན་གྱིས་དང་ལེན་བྱས་ཏེ་ཁྱིམ་ཚང་སློབ་གསོའི་ནང་སྤྱོད་རྒྱ་ཆེ་བའི་དངོས་བྱུང་གསལ་རྗེན་གྱི་གཏམ་རྒྱུད་གསོན་པོ་ཞིག་རེད། གཏམ་རྒྱུད་དེ་དག་ནི་འདབ་ཆགས་དུད་འགྲོ་སོགས་ལ་སྦྱར་ནས་རྟོག་བཟོ་འབའ་ཞིག་ལ་བརྟེན་ཏེ་གསར་སྒྲིག་བྱས་པའི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་གཞན་དག་དང་མི་འདྲ་བར་ཨ་རིག་རྒད་པོའི་གཏམ་རྒྱུད་དག་གི་བརྗོད་བྱ་ཁྱད་མཚར་ལ་ཉན་སྤྲོ་བ་དང་གཅིག གཞན་གཏམ་རྒྱུད་དེ་རྣམས་དངོས་བྱུང་གསལ་རྗེན་དུ་ཡོད་ཁར་ཨ་རིག་རྒད་པོའི་གཏམ་རྒྱུད་དེ་དག་འབྱུང་ཡུལ་གྱི་ཨ་རིག་མི་སྡེ་ད་ལྟའང་མདོ་ཁམས་སྨད་ན་ཆགས་ཡོད་པས་ན་གོ་བསྐོན་བློ་འགུག་གི་ནུས་པ་བླ་ལྷག་ལྡན། དེ་བས་ན་ཨ་རིག་རྒད་པོའི་གཏམ་རྒྱུད་འདི་བོད་མི་རྒན་མགོ་དཀར་ནས་གཞོན་སོ་དཀར་ཀུན་གྱིས་དང་ལེན་བྱེད་པ་ནི་ཨ་རིག་རྒད་པོའི་གཏམ་རྒྱུད་རང་སྟེང་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཤིག་མངོན་ཡོད་པར་རག་ལས་ཡོད་སྙམ་མོད། ཡིན་ཡང་ཨ་རིག་རྒད་པོའི་གཏམ་རྒྱུད་སྐོར་གྱི་དཔྱད་རྩོམ་ཉིན་མོའི་སྐར་མའི་ཟླ་རུ་འགྲོ་བས་ན་ས་བཅད་མི་སྟོང་བ་ཙམ་གྱི་ཆེད་དུ་རུས་སྦལ་འགྲོས་ལ་ངལ་བར་བྱས་པ་ཙམ་མོ།།
དང་པོ། ཨ་རིག་རྒད་པོའི་གཏམ་རྒྱུད་ལས་འཕྲོས་པའི་མི་ཆོས་རིག་གནས་ཀྱི་སྐོར།
གཅིག སྤྱིར་བཤད་པ།
དུས་རབས་བདུན་པའི་སྟོད་ནས་བཟུང་བོད་རྗེ་སྲོང་བཙན་སྒམ་པོས་གླིང་ཆེན་ཨེ་ཤ་ཡའི་ཤར་ཕྱོགས་སུ་མངའ་རིས་རྒྱ་བསྐྱེད་པའི་སྲིད་དོན་རླབས་པོ་ཆེའི་དབུ་བརྩམས་རྗེས། སྐབས་དེ་དུས་ཙ་ན་དབུས་གཙང་གི་དམག་རུ་མང་པོ་མདོ་སྨད་དུ་ཡོང་ནས་ཡུལ་བཟུང་ནས་བསྡད་པའི་ལོ་རྒྱུས་ཡོད་པར་ཨ་རིག་པ་རྣམས་ཡང་དེ་དུས་ཙམ་ལ་ཡོང་བར་བཤད། དེ་ནས་བཙན་པོ་མཆོག་གིས་མཐའ་བཞིའི་དགྲ་རྣམས་ཆམ་ལ་ཕབ་རྗེས་མདོ་དབུས་ས་མཐོའི་སྟེང་འདི་རུ་རང་རིགས་ཇི་སྲིད་བར་དུ་གནས་ཚུགས་རྒྱུར་དགོངས་ནས་རྒྱ་གར་འཕགས་པའི་ཡུལ་ནས་དམ་པའི་ལྷ་ཆོས་ཉེ་བར་བླངས་ཏེ་མངའ་འབངས་སྤྱི་ལ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་ཁྲོམ་བསྒྲགས་བྱས་ཡོད་པ་བོད་རྒྱ་ཚིག་མཛོད་ཆེན་མོར། སྔར་བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་བྱས་པའི་ཁྲིམས་སྲོལ་དོན་ཚན་བཅུ་དྲུག་སྟེ། ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། ཕ་མ་ལ་དྲིན་ལན་འཇལ་བ། ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ། རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་པ། བཀའ་དྲང་ཞིང་སེམས་ཆུང་བ། ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ། ཡ་རབས་ཀྱི་རྗེས་སྙེག་ཅིང་ཕྱི་ཐག་རིང་བ། ཟས་ནོར་ལ་ཚོད་འཛིན་པ། སྔར་དྲིན་ཅན་གྱི་མི་རྩད་གཅོད་པ། བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ། ཀུན་ལ་ཕྲག་དོག་ཆུང་བ། ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ངག་འཇམ་ཞིང་སྨྲ་བ་ཉུང་བ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ་བཅུ་དྲུག ཅེས་བསྒྲགས་ཤིང་གཏན་ལ་ཕབ་ནས་མངའ་འབངས་ཡོང་ནས་ལག་ལེན་དུ་བསྟར་རྐྱེན་ཨ་རིག་པ་འདི་དག་ཡང་རང་བཞིན་གྱིས་སྨྲ་བ་ཉུང་ཞིང་སྨྲས་ཚད་ཐམས་ཅད་བདེན་པར་སྨྲ་བ། ཕྱི་ཐག་རིང་བ། གཡོ་ཟོལ་ཆུང་བ། རང་ཚུགས་ཐུབ་པ། དམ་པའི་ཆོས་ལ་རྣམ་ཀུན་གློ་བ་ཉེ་ཞིང་དད་པ་རྣམ་དག་བྱེད་པ་ཅན་ཏག་ཏག་ཡིན་པ་དགོད་སྤྲོའི་གཏམ་རྒྱུད་ཀྱི་རྣམ་པར་བོད་ཁམས་ཡུལ་གྲུ་ཀུན་ཏུ་རླུང་ལྟར་གྲགས་ཤིང་མི་ཚང་མས་སློབ་གསོའི་ཐབས་དམ་པར་བཟུང་ནས་རྗེས་རབས་པ་རྣམས་ལ་ཁོ་ཚོའི་གཏམ་རྒྱུད་ནམ་ནམ་ཞར་ཞར་ལ་སྙིང་ལ་བཅིངས་ནས་གཅིག་ལས་གཅིག་བརྒྱུད་ཀྱིས་བརྗོད་ཀྱིན་ཡོད་དོ།།
གཉིས། བྱེ་བྲག་དུ་ཨ་རིག་རྒད་པོའི་གཏམ་རྒྱུད་དང་འབྲེལ་ནས་བཤད་པ།
༡.དཀོན་མཆོག་གསུམ་ལ་དད་གུས་ཆེ་ཞིང་དད་པ་བརྟན་པ།
ཀུན་གཟིགས་ལྔ་བ་ཆེན་མོའི་རྣམ་ཐར་ལས།དཀར་པོའི་ཐང་དུ་འབོད་པ་ཨ་རིག་ཅེས།། དུས་ཀུན་གཡོ་མེད་བརྟན་པོའི་དད་གུས་མཐུ།། ལྷུན་པོ་འབུམ་གྱིས་མཚོན་མིན་ཁྱབ་འཇུག་གི། ཤུགས་དྲག་དཔུང་པའི་སྟོབས་ཀྱིས་འཕྲོག་ནུས་མིན།། ཞེས་གསུངས་པ་ལྟར་བླ་མ་མཆོག་གསུམ་ལ་དད་གུས་ཤིན་དུ་བརྟན་པའི་ཚད་དུ་བྱེད་པ་ཨ་རིག་རྒད་པའི་གཏམ་རྒྱུད་ནང་ཡང་དཔེ་གྲགས་ཆེན་གཉིས་ཡོད་པ་ཨ་རིག་རྒད་པོའི་གཏམ་རྒྱུད་དུ“ཇོ་བོ་མི་འགྲོ་གསུང་འབྱོན”དངལྷ་སའི་ཇོ་བོར་གསེར་བསྐུར་བ”ཅེས་པའི་གཏམ་རྒྱུད་འདི་གཉིས་ནང་ང་ཚོར་ངེས་ཤེས་ཟབ་མོ་ཞིག་འབྱུང་ངེས་པ་ནི་འདི་ལྟ་སྟེ། ཨ་རིག་རྒད་པོ་ཞེས་པ་དེས་སྐྱབས་གནས་དཀོན་མཆོག་གསུམ་ལ་དད་པ་བརྟན་པོ་འཆིང་བ་ལ་གཡོ་བ་མེད་པ། ལྷ་སྐུ་ཙམ་ལའང་སྐྱབས་གནས་དངོས་ཡི་འདུ་ཤེས་འཛིན་པ་ཤ་སྟག་གོ
༢.གཞུང་རྒྱུད་དྲང་ཞིང་ཕྱི་ཐག་རིང་བ།
གཞུང་རྒྱུད་དྲང་ཞིང་ཕྱི་ཐག་རིང་བ་ནི་མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་མཐོ་པོ་ཞིག་སྟེ། གནའ་ནས་ད་ལྟའི་བར་མིའི་རིགས་ནས་རྗེས་རབས་པ་རྣམས་ལ་རྣམ་ཀུན་གཞུང་རྒྱུད་དྲང་པོ་བྱེད་དགོས་པའི་སློབ་གསོ་གཏོང་བ་ལས་གཞན་གཞུང་རྒྱུད་དྲང་ཞིང་ཕྱི་ཐག་རིང་བའི་མི་ལ་དགའ་གུས་བསྟོད་བསྔགས་བྱེད་ཀྱིན་ཡོད། དེར་བརྟེན་ཨ་རིག་རྒད་པོའི་གཏམ་རྒྱུད་དུ“རོང་བོ་བྱམས་ཆེན་ལ་ལྷམ་བསྐོན་པ”ལ་སོགས་གཞུང་རྒྱུད་དྲང་ཞིང་ཕྱི་ཐག་རིང་བའི་ནང་དོན་ལྡན་པའི་གཏམ་རྒྱུད་ལ་བོད་མི་ཀུན་ནས་དགའ་མགུས་ཤིན་ཏུ་ནས་ཆེའོ།
༣.ཡོན་ཏན་ལ་སྨོན་ཞིང་རྨོངས་མུན་བླུན་པོར་སྨད་པ།
ས་སྐྱ་ལེགས་བཤད་དུ“ངེས་པར་འབྱུང་བའི་བྱ་འགའ།། མ་གྲུབ་པ་ན་དཔྱོད་པའི་ཚེ།། མཁས་རྨོངས་གཉིས་ཀྱི་ཁྱད་པར་ཤེས།། གྲུབ་ནས་དཔྱོད་པ་བླུན་པོའི་ཚུལ།། མཁས་པ་རྣམས་ཀྱིས་དཔྱད་པ་ཡི།། ཤེས་བྱ་ཤེས་ན་མཁས་པར་བགྲང་།། བ་ལང་རྒན་གཞོན་དཔྱོད་པ་ལ།། བླུན་པོ་མཁས་ཀྱང་ཡོན་ཏན་མིན།།”ཞེས་གསུང་བ་ལྟར་ཡོན་ཏན་ཅན་ལ་མཆོག་ཏུ་ལྟ་ཞིང་བླུན་རྨོངས་ལ་དམན་དུ་ལྟ་བ་ནི་རང་རིགས་ལ་སྔོན་མ་ནས་ཡོད་པ་སྟེ། ཨ་རིག་རྒད་པོའི་གཏམ་རྒྱུད་དུ“ཤི་བོའི་མིང་ཡང་ཆུས་ཁུར་སོང་།”“རྟ་ནང་པོའི་ཁོག་ན་ཅི་ཡང་མི་འདུག” “ཞོ་འཐུང་ནས་ཤི་བ”ལ་སོགས་བླུན་སྤྱོད་ལས་བྱུང་བའི་གཏམ་རྒྱུད་འབའ་ཞིག་ཡང་བོད་མི་དམངས་ཁྱོན་ནས་མི་རབས་ནས་མི་རབས་བར་བརྒྱུད་བསྒྲོཊ་བྱས་ཏེ་རྗེས་རབས་པ་དག་ལ་ནམ་ཡང་བློ་རིག་བཀྲ་ཞིང་ཡོན་ཏན་ལྡན་པའི་མི་ཞིག་ཏུ་བརྩོན་དགོས་པའི་དྲན་སྐུལ་ཏུ་བྱེད་དོ།
༤.གཡོ་བ་མེད་ཅིང་ཡིད་ཆེས་མཐའ་འཁྱོལ་བྱེད་པ།
རང་རིགས་མེས་པོ་རྣམས་ནས་མི་གཞན་ལ་ཡིད་ཆེས་དང་བློ་གཏོད་ཡོད་པ་བྱེད་རྒྱུ་ནི་མི་ཆོས་ཀུན་སྤྱོད་ཀྱི་ཚད་མཐོན་པོར་འཛིན་ལ་མི་གཞན་བར་མནའ་བཅད་དང་ཁས་ཚིག་ཡོད་རྗེས་མཐའ་གཅིག་ཏུ་ཕན་ཚུན་ལ་གཡོ་མེད་ཡིད་ཆེས་བྱེད་དགོས་ཚུད་ཀྱི་ཁ་ཏ་བསླབ་བྱ་རབས་ནས་རབས་བརྒྱུད་གནང་ཡོད་ལ། ལྷག་པར་ཨ་རིག་པ་དག་ཁ་ཁོག་དྲང་པོ་དང་གཞན་ལ་ཡིད་ཆེས་བྱེད་མཁན་ཡིན་པ་ཨ་རིག་རྒད་པོའི་གཏམ་རྒྱུད་དུ“འུར་ཆ་ལས་ཇོ་བོར་གསེར་བསྐུར་བ”དང“ཡུམ་གསེར་བྲིས་མའི་མཁྱེན”སོགས་ལས་ཤེས་ཐུབ་པ་ལས་གཞན་ཨ་རིག་དགེ་བཤེས་ཆེན་མོ་ལས། ཨ་རིག་ཐམས་ཅད་འདྲེ་རིགས་དུ་གྱུར་དུས་འཇིག་རྟེན་རྒུད་པའི་མཐར་ཐུག་ཡིན་ཞེས་གསུངས་པ་ལྟར་ཨ་རིག་པའི་གཞུང་རྒྱུད་དྲང་ཞིང་ཡིད་རྟོན་ཡོད་པའི་མི་གཤིས་ལ་ཀུན་ནས་ཁས་ལེན་དང་གདེངས་འཇོག་ཡོད་དོ།།
གཉིས་པ། ཨ་རིག་རྒད་པོ་ལས་མངོན་པའི་མི་ཆོས་རིག་གནས་དེའི་གཞི་རྩའི་བསམ་བློར་དཔྱད་པ།
འཛམ་གླིང་གི་མི་རིགས་གང་གི་རྩོམ་རིག་དང་ཆོས་ལུགས་རིག་གནས། མི་ཆོས་རིག་གནས་གང་ཡིན་ཡང་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་དགེ་སྡིག་གི་འདུ་ཤེས་ངེས་ཅན་རེ་ཚུར་སྣང་བྱུང་མེད་པ་མི་སྲིད་དོ། དེ་བས་རང་རིགས་བོད་ཁ་བ་ཅན་ལ་མཚོན་ནའང་དགེ་སྡིག་གི་བསམ་བློ་མཐུན་མོང་མ་ཡིན་པ་ཞིག་ཡིད་པ་སྟེ། དེའང་གཙོ་བོ། ཏུན་ཧོང་ཡིག་རྙིང་ལས། ཡར་ལྷ་ཤམ་པོ་ནི་གཙུག་གི་ལྷའོ་ཞེས་བྱུང་བ་ལྟར་བོད་དུ་གནའ་རབས་སུ་ལྷ་མཆོད་འདྲེ་འདུལ་གྱི་ཆོ་ག་དང་ལྡན་པའི་རི་ཆུ་ནགས་དང་བཅས་པར་སྲོག་ཞུགས་པར་འདོད་པའི་བོན་ཆོས་འབའ་ཞིག་དར་ཡོད་ལ། དེ་དུས་མི་རྣམས་ཀྱིས་རང་ཉིད་ཀྱི་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་བདེ་ལེགས་ཡོང་ཆེད་དང་རང་ཉིད་ཀྱི་ཁ་ལས་རླུང་རྟ་དར་བར་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་མང་པོ་རྩོམ་དགོས་པ་རང་ཉིད་མི་མནོལ་བ་དང་གྲིབ་རིགས་ལ་འཛེམ་པ། ལྷ་བསང་གཏོང་བ་སོགས་ཆོ་ག་མང་དག་སྒྲུབ་དགོས། རྗེས་སུ་བོད་དུ་སྔར་གྱི་བོན་ཆོས་ལ་དད་མཁན་ཇེ་ཉུང་དུ་སོང་བ་དང་བཙན་པོ་ཚང་གི་སྐུལ་སྤེལ་དང་རྒྱབ་སྐྱོར་འོག་བོད་ལ་རྒྱ་གར་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་ལྡན་པའི་ནང་བ་སངས་རྒྱས་པའི་ཆོས་འདི་དར་ལ། དེ་དར་བ་དང་བསྟུན་དགེ་སྡིག་གི་རྣམ་གཞག་ཡང་གཞུང་ལུགས་དང་མ་ལག་ལྡན་པ་ཞིག་དར་བས་དེ་འབྲེལ་གྱི་དད་ལྡན་པ་དག་ལ་སྡིག་སྤོང་དགེ་སྒྲུབ་ཀྱི་བསམ་བློ་ཡང་ཧ་ཅང་ཤུགས་ཆེ་བ་ཞིག་བྱུང་བ་ཡོད་པ་དགེ་བ་བཅུ་དང་མི་དགེ་བ་བཅུ་ཅེས་ཡོད་པ། བྱང་ཆུབ་ལམ་རིམ་ཆེན་མོལས“སོ་སོའི་སྐྱེ་བོ་དང་འཕགས་པ་གང་ཡིན་ཡང་ཚོར་བ་སིམ་པའི་རྣམ་པ་ཅན་གྱི་བདེ་བ་ཐ་ན་སེམས་ཅན་དམྱལ་བར་སྐྱེས་པ་ན་རླུང་བསིལ་བ་ལྡང་བ་ལ་བརྟེན་ནས་སྐྱེས་པ་ཡན་ཆད་ཐམས་ཅད་ནི་སྔོན་དགེ་བའི་ལས་བསགས་པ་ལས་འབྱུང་གི། མི་དགེ་པའི་ལས་ལས་བདེ་བ་འབྱུང་བ་ནི་གནས་མེད་ལ། ཚོར་བ་གདུང་བའི་རྣམ་པ་ཅན་གྱི་སྡུག་བསྔལ་ཐ་ན་དགྲ་བཅོམ་པའི་རྒྱུད་ལ་སྐྱེས་པ་ཡན་ཆད་ཐམས་ཅད་ནི་སྔོན་མི་དགེ་བ་བསགས་པ་ལས་འབྱུང་གི། དགེ་བའི་ལས་ལས་སྡུག་བསྔལ་འབྱུང་བ་ནི་གནས་མེད་དེ”ཞེས་གསུངས་པ་དང་། བཤེས་སྤྲིངསལས། “སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི།། དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་།། འཆི་བའི་དུས་ལ་བབས་ན་སྡིག་པ་ཡི།། ལས་ཀྱི་འབྲས་བུ་གང་ལགས་མངོན་པར་འགྱུར།།”ཞེས་འབྱུང་བ་ལྟར་དགེ་སྡིག་གི་ལས་དེ་ཚེ་འདི་ཕྱི་གཉིས་ལ་རག་ལས་ཡོད་པ་རིག་པའི་གཞུང་གི་རྒྱབ་རྟེན་དང་བཅས་ཡོད་པ་དེས་དད་ལྡན་པ་དག་གི་འགྲོ་འདུག་ཉལ་ཆགས་ཀྱི་སྤྱོད་ལམ་ལ་ཤུགས་རྐྱེན་ཐེབས་ཡོད་པ་བྱེ་བྲག་ཏུ་ཨ་རིག་རྒད་པོའི་གཏམ་རྒྱུད་དུ་ཡང་མངོན་ཡོད་པ་ཤེས་གསལ་ལོ།།
གསུམ། ཨ་རིག་རྒད་པོའི་གཏམ་རྒྱུད་ཀྱི་ད་ལྟའི་གནས་བབ་སྐོར།
ད་ལྟའི་དུས་འདིར་ང་ཚོ་བོད་མི་རིགས་སྤྱི་ལ་རིག་གནས་གསར་པ་ནང་འདྲེན་བྱས་ཏེ་རིགས་ཀྱི་དཔལ་འབྱོར་ཆུ་ཚད་མཐོར་འདེགས་གཏོང་བའི་སྤྱི་ཚོགས་ཀྱི་འོས་འགན་གྱི་དགོས་དབང་གིས་རིག་གནས་སྤྱིའི་ཆ་ནས་ཡང་སྲོལ་རྒྱུན་རྒྱུན་འཛིན་དང་རིག་གནས་གསར་པ་ནང་འདྲེན་གྱི་བར་དུ་གས་ཆགས་ཆེན་པོ་ཞིག་ཤོར་ཏེ་སྲོལ་རྒྱུན་ལེགས་པོ་ཞིག་རྒྱུན་འཛིན་མ་ཐུབ་པར་ལུས་པ་དང་རིག་གནས་གསར་བ་ཡང་ཆ་ཚང་བར་ལེགས་པོ་ཞིག་ནང་འདྲེན་མ་ཐུབ་པར་ལུས་པའི་བར་མཚམས་ན་མང་པོ་མང་པོ་ཞིག་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་འཐུས་ཤོར་དུ་འགྲོ་བཞིན་པའི་སྐབས་ཞིག་ལ་ཁེལ་ཡོད་པས་ན་ཨ་རིག་རྒད་པོའི་གཏམ་རྒྱུད་འདི་ཡང་དེ་ལས་མ་འདས་པར་རྒན་རབས་པ་དག་ནས་ད་ལྟའི་བར་རྒྱུན་འཛིན་དང་དར་སྤེལ་བཏང་ཡོང་བའི་མཐར་ད་ལྟའི་དུས་ལ་གཞོན་རབས་པ་དག་ནས་གཏམ་རྒྱུད་ལ་ཉན་པའི་དུས་ཚོད་དང་གོ་སྐབས་མི་འཛོམས་པའམ་ཡང་ན་སྤྲོ་བ་ཡལ་རྐྱེན་ཨ་རིག་རྒད་པོའི་གཏམ་རྒྱུད་ཡང་རྒན་པོ་ཚོའི་ངག་གཏམ་ཁོ་ན་དང་ཡང་ན་དར་མ་ཚོའི་བྱིས་དུས་ཀྱི་དྲན་པ་ཁོ་ན་ཞིག་ཏུ་ཟད་དོ། རྒྱུ་མཚན་ཐེངས་འདིར་ཨ་རིག་རྒད་པོའི་གཏམ་རྒྱུད་འཚོལ་སྡུད་ཚན་ཆུང་མདོ་ལའི་ཨ་རིག་ས་ཆར་སོང་ནས་འཚོལ་སྡུད་བྱས་རྒན་པོ་འགའི་ངག་ན་ཨ་རིག་རྒད་པོའི་གཏམ་རྒྱུད་ཐ་ཐོར་ལས་མེད་པ་དང་དར་མ་དག་ལ་གསལ་ཆ་ཙམ་ལས་མེད་པས་ན་གནས་བབ་མི་ལེགས་པར་བསམ་ལ་འདིར་ཨ་རིག་རྒད་པོའི་གཏམ་རྒྱུད་སྐོར་ཞིག་ཡིག་ཐོག་ཏུ་བཀོད་ནས་དཔྱད་པ་རགས་ཙམ་ཡང་བཏང་བའོ།།