ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-03



ཏང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་རྩ་འཛུགས་ལས་དོན་གྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་དགོས།

ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

ཚའེ་ཆི་རྒྱལ་ཡོངས་རྩ་འཛུགས་ལས་དོན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་ལི་ཞི་ཚོགས་འདུར་ཕེབས་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་ཏང་དང་མི་ལ་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཏང་གི་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་པ། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་འབྲེལ་དོན་འཁྱོལ་བྱས་ནས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་ཀྱི་གསར་བརྗེའི་གནས་ཚད་གསར་པ་བཏོད། རིམ་པ་ཁག་གི་ཏང་ཨུད་དང་དེའི་རྩ་འཛུགས་སྡེ་ཚན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ནན་གྱིས་ཏང་སྐྱོང་བའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། བཟང་འདེམས་འཇོན་བསྐོ། རྩ་སྲ་རྨང་བརྟན། ཤེས་ལྡན་པ་གསོ་སྐྱོང་དང་ཕྱོགས་བསྡུས་བཅས་ཀྱི་ལས་དོན་ཁག་ནན་ཏན་ངང་ཡག་པོར་བསྒྲུབས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པ་གཏོད་པར་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་འགན་འཁྲི་དང་ལས་འགན་སྒྲུབ་པར་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་འགན་འཁྲི་གསར་པ་འཁུར་ཕོད་པ་དང་བྱས་རྗེས་གསར་པ་འཇོག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་རྩ་དོན་ཆེ་ཤོས་སུ་བརྩི་བ། བློ་དཀར་སེམས་དཀར་དང་ལྷག་བསམ་རྣམ་དག་གིས་ཏང་ལ་སྲུང་སྐྱོང་བྱེད་པ་དང་ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་དང་སྟོབས་ཆེར་གཏང་རྒྱུ་གཞི་རྩའི་འགན་འཁྲིར་བརྩི་བ།  ཏང་ཆེན་པོ་ཁོ་ནར་འཕྲད་པའི་དཀའ་གནད་སེལ་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་ལས་འགན་གལ་ཆེན་དུ་བརྩི་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་ཡོངས་ཀྱི་བསམ་བློ་དང་། བློ་སྟོབས། བྱ་སྤྱོད་བཅས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་ལྷོད་མེད་བྱེད་པ། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་ཟམ་མི་ཆད་པར་ཚགས་དམ་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་སྲིད་འཛིན་རྐང་འཛིན་དཔུང་ཁག་ནུས་ཤུགས་ཡོད་རྒུས་སྟོབས་ཆེར་གཏོང་བ། འཛམ་གླིང་གི་ཤེས་ལྡན་པའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གལ་ཆེན་གང་མགྱོགས་ཀྱིས་བསྐྲུན་པ། དཔེ་བཟང་སྡེ་ཚན་དང་ཉམས་སད་ཐེག་པའི་དཔུང་ཁག་འཛུགས་སྐྱོང་རྒྱུན་མཐུད་ཟབ་ཏུ་གཏོང་བ། རྩ་འཛུགས་ལས་དོན་གྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཏང་གི་རང་ངོས་ཀྱི་གསར་བརྗེ་རླབས་པོ་ཆེར་བརྟེན་ཏེ། སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་དེ་བས་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱ་དགོས།

        ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་102འཁོར་བའི་མཚམས་སུ་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

        ཟླ་6ཚེས་28དང་29ཉིན། རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུར་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལི་ཞི་ཚོགས་འདུར་ཞུགས།

        ཚའེ་ཆི་ཡིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་ལ་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་པས། ཏང་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་ལས་དོན་ཡག་པོར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་དགོས་ཞེས་གསུངས།

        ཚའེ་ཆི་ཡིས་ནན་བཤད་གནང་དོན། དུས་རབས་གསར་པའི་ལོ་བཅུའི་རིང་གི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་རྣམ་པའི་རང་བཞིན་གྱི་འགྱུར་ལྡོག་ཕྱིན་ཡོད། དེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་བསྒྱུར་ཕྱོགས་སྟོན་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་ཐུག་ཡོད་པ་ལས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལེགས་པོར་མངོན་བཞིན་ཡོད།

        ཚའེ་ཆི་ཡིས་གསུངས་དོན། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྗོད་དོན་གཙོ་བོའི་གཙོ་རྐང་འདི་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཐོག་མའི་གསར་རྩོམ་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པར་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་ལས། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་བྱེད་པའི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དུས་རབས་གསར་པའི་རྩ་འཛུགས་ཀྱི་ལས་དོན་ཡག་པོར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས།

        ཚའེ་ཆི་ཡིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་གོ་རིམ་ཁྲོད་རྩ་འཛུགས་ལས་དོན་གྱི་ངེས་གནས་གནད་ལ་འཁེལ་པོ་ཡོང་བར་བྱས་ཏེ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཏང་གི་བྱ་གཞག་ལ་སྐུལ་འདེད། ཕྱོགས་ཡོངས་ནས་ནན་གྱིས་ཏང་སྐྱོང་བར་འགན་ནུས་གང་ལེགས་འདོན་དགོས། ཏང་ཡོན་དང་ལས་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་གསོ་སྦྱོང་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་ལ་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་དམིགས་ཏེ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཤེས་ལྡན་པའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་དམིགས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏང་དགོས། ཏང་ཡོན་ལ་དོ་དམ་ནན་པོ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་དཔུང་ཁག་གི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏང་དགོས། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། དྲང་གཞག་ལ་མཐོང་ཆེན། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་དཔེ་བཟང་སྡེ་ཚན་འཛུགས་སྐྱོང་ཧུར་ཐག་བྱ་དགོས་པ་དང་། རིམ་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་རྩ་འཛུགས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བྱས་ནས་རྩ་འཛུགས་སྡེ་ཚན་གྱིས་ལས་དོན་སྤེལ་བར་ཆ་རྐྱེན་གཏོད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1