གླུ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །
བར་མཁྱེུན་བར་ཐེལ་ཁྲ་བོ་མཁྱེན། །
མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །
ལྕགས་ནག་དམ་པའི་དགུ་སྒྲིག་མཁྱེན། །
རྒྱལ་པོ་དམར་པོའི་གདུང་རྒྱུད་མཁྱེན། །
གཟིམས་མེད་མར་མེ་ཚེ་འབར་མཁྱེན། །
མཁྱེན་གཟིགས་དེ་རིང་ཁ་འཛིན་མཛོད། །
སྒེར་མཁྱེན་བོན་སྐུ་གཤེན་རབ་མཁྱེན། །
གཙོ་མཆོག་མཁའ་འགྱིང་འབར་བ་མཁྱེན། །
ཁྲོ་ཆེན་དབལ་གསས་རྔམ་པ་མཁྱེན། །
ལྷ་རྒོད་སྟག་ལྷ་མེ་འབར་མཁྱེན། །
མ་རྒྱུད་སྲིད་པའི་རྒྱལ་མོ་མཁྱེན། །
བསྟན་སྲུང་ཨ་བསེ་རྒྱལ་བ་མཁྱེན། །
དེ་ཚོ་བླ་མའི་སྒེར་ལྷ་ཡིན། །
ས་འདིའི་ས་ངོ་མ་ཤེས་ན། །
གླིང་སྲིབ་སྐྱ་རིང་ཁུག་ཟུར་རེད། །
ང་དང་ང་ངོ་མ་ཤེས་ན། །
ཧོར་རྒྱལ་ཆེན་ཞེ་དགུའི་སྐུ་རིང་ནས། །
གདུང་རྒྱུད་མ་ཆད་གཡུང་དྲུང་བོན། །
ཡ་མུའི་བླ་མ་གུ་རུ་ཡིན། །
མཐུ་གཟའ་གདོང་དམར་ནག་གདམས་པ་ཤེས། །
དགྲ་སྔགས་ཧཱུཾ་ཤི་ཕཊ་འགྱེལ་ཤེས། །
འཁོར་ལོ་གནམ་ས་ལྟོ་དཀྲུགས་ཤེས། །
མནན་པ་ཁམས་གསུམ་གཉན་གནོན་ཤེས། །
ཐོགས་སེར་ནམ་མཁའ་མཛུབ་ཁྲིད་ཤེས། །
མ་ཤི་གསོན་པོའི་སྲོག་གཅོད་ཤེས། །
ཚེ་ཟད་ཤི་བོའི་སྲོག་འཐུད་ཤེས། །
ང་འདྲ་བོད་ལ་ཡོད་ལེ་མིན། །
སྤྱི་ཉིན་གླིང་དཀར་ལྷ་སྡེས་ཉོན། །
མ་མཐོང་མི་ཤེས་ངོ་བསྟོད་མིན། །
སྒེར་ཉོན་ཆོས་སྐྱོང་བེར་ནག་ཉོན། །
མིག་མཐོང་མངོན་ཤེས་དགའ་རབ་ཡོད། །
ཡ་མུའི་བོན་པོ་གུ་རུ་ང་། །
ཧོར་གུར་དཀར་གནམ་གྱི་རྒྱལ་པོ་འདིས། །
མི་ཡོང་ཁ་མེད་བཙན་ཁྲིད་བྱས། །
ཧོར་ཐེལ་རང་མཆོད་བསྟོད་མི་དགོས་ཟེར། །
དེ་སྟེ་ཧོར་ལ་སླེབས་ཚུན་ནས། །
རང་གུར་ཆུང་གྲུ་བཞིའི་ནང་རོལ་ཏུ། །
ལུས་མ་འཁྱམས་ཕྱག་དང་བསྐོར་བ་བྱས། །
ངག་མ་འཆལ་ལྷ་ཡི་བསྙེན་པ་བྱས། །
ཡིད་མ་ཡེངས་ཐིག་ལེ་ཉག་གཅིག་བསྒོམས། །
ཧོར་གླིང་ཇུས་སྣེ་ཅི་མཐུན་བྱས། །
ཧོར་བདེ་གླིང་སྐྱིད་ཨེ་ཡོང་བསམས། །
སྨོན་ལམ་དཀར་པོ་བཏབ་ནས་བསྡད། །
དེ་མིན་པའི་བསམ་ནག་བཟུང་མ་མྱོང་། །
བརྒྱ་ལ་ཞེ་ནག་ཡོད་པ་ན། །
འཁོར་ལོ་མཐེ་མོའི་ཁ་རྒྱ་ཙམ། །
ས་འོག་ཀླུ་ལ་སྤྲད་སྲིད་ན། །
གླིང་དཀར་པོའི་མི་རབས་འབུད་ངེས་ཡིན། །
ཧོར་འབུམ་དམག་ཆས་དགོས་ཅི་ལ་ཡོད། །
བོན་རྒན་བསད་ཀྱང་སྡིག་པ་ཆེ། །
ཚེ་མ་གཏོང་བླ་མ་རང་མལ་ཞོག །
དངོས་གྲུབ་ཅི་དགོས་ལྷ་ལ་ཞུ། །
སྲུང་འཁོར་གང་དགོས་བླ་མས་བྱེད། །
གླིང་དཀར་པོའི་བསྟན་པ་དགུང་ལ་འདེགས། །
གུར་དཀར་རྒྱལ་པོ་ཚུན་ཆད་ནས། །
འབུམ་དམག་ཧོར་ལ་ཕར་ལ་རྫོང་། །
འདུན་མ་གྲུ་བཞི་བླ་མས་འཛིན། །
ཧོར་གླིང་མར་ཐོག་སྣུམ་སྦྱར་བྱེད། །
ཟླ་བ་གཅིག་གི་ཚུན་ཆད་ནས། །
གླིང་མི་བྱུང་ཚད་དཔའ་བོ་བཟོ། །
རང་དགའ་གཞན་སྐྱིད་ཡོང་ངེས་ཡིན། །
བརྒྱ་ལ་གུ་རུ་བཀྲོངས་ངེས་ན། །
བོན་གཡུང་དྲུང་གིས་བཀའ་ཆད་ཡོང་ཡང་སྲིད། །
ལྷ་མཐུ་ཆེན་གྱིས་ཕྲག་དོག་བྱེད་ཀྱང་སྲིད། །
གནས་སྐབས་ང་རང་ཕམ་པ་འདྲ། །
ཕུང་ངན་གླིང་རུའི་དཔོན་ལ་སྲིད། །
ལྷ་རྡོ་དཀར་པོ་མ་སྒུལ་ཞོག །
དུག་སྦྲུལ་ནག་པོ་མ་དཀྲོགས་ཞོག །
སྔ་དྲོ་གཞན་ལ་ཅི་བྱས་དེ། །
ཕྱི་དྲོ་རང་ལ་སྨིན་པ་སྲིད། །
སྒ་སྡེ་ཆོས་སྐྱོང་བེར་ནག་ཅན། །
ཁྱོད་དང་འུ་ཅག་ཆོས་བོན་གཉིས། །
མཐུ་ཁ་བླངས་ན་འདྲ་འདྲ་རེད། །
གདམས་ངག་བྱས་ན་ཁྱད་པར་མེད། །
ཡིད་བློ་ཕར་ཆེས་ཚུར་ཆེས་བྱེད། །
དེ་རིང་བླ་མའི་སྲོག་ཁེབས་མཛོད། །
འཕུང་འདྲེ་གུར་དཀར་རྒྱལ་པོ་འདིས། །
མི་ཕུང་རང་བརླག་ཐམས་ཅད་བཟོས། །
ཁྱད་པར་ཡ་མུའི་བླ་མ་ངས། །
བྲག་ནག་མདའ་ཆར་མ་ཕབ་འགྱོད། །
མུན་ནག་སྒོམ་བཞུགས་མ་བྱས་འགྱོད། །
སེམས་ནག་ཕུགས་སུ་མ་བཅངས་འགྱོད། །
སུ་ལན་བྱས་ན་གུར་དཀར་ལན། །
ང་བོན་པོ་བཀྲོངས་པའི་ཕྱི་ཉིན་ནས། །
གླིང་དཀར་པོ་མགོ་མེད་མཇུག་རྡུམ་ཤོག །
ཧོར་སེར་པོ་ཁྲག་མལ་ཆུ་བཤལ་ཤོག །
བོན་གཡུང་དྲུང་ས་འོག་བྲུབ་པར་ཤོག །
ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །
དུས་ལན་རེད་ཁྲག་གི་སོ་ནམ་ཤོག །
དུས་ལན་རེར་མུ་གེའི་བསྐལ་བ་ཤོག །
དུས་ལན་རེར་ཁྲག་ནད་ཆར་པ་ཕོབས། །
ཁུག་ཅིག་བྲུབ་ཅིག་མཱ་ར་ཡ། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འགྲེལ་བ་ཞུ། །