དབྱར་དུས་སུ་དཀར་མཛེས་ཁུལ་ཉག་ཆུ་རྫོང་ཧོར་ར་ཤང་གི་ས་བབ་སྨི་4600ཟིན་པའི་བྲག་ལ་མཐོ་སངས་རི་རྩེ་ནས་རྒྱང་ལྟ་བྱེད་སྐབས། གྲལ་སྟར་འགྲིག་པའི་འོད་ཤུགས་ཤེལ་ལེབ་དག་ཉི་འོད་ཀྱི་འོག་ཏུ་བཀྲག་མདངས་རབ་ཏུ་འཚེར་ཞིང་། ཟླ་6ཚེས་25ཉིན་ཉག་ཆུའི་ཆུ་ཁ་གཉིས་ཀྱི་ཆུ་ཤུགས་གློག་ཁང་གི་ཆུ་འོད་གསབ་རེས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ཧོར་ར་འོད་ཤུགས་གློག་ཁང་ནས་དངོས་སུ་གློག་གཏོང་འགོ་ཚུགས་པ་དང་། ཉག་ཆུའི་ཆུ་ཁ་གཉིས་ཀྱི་ཆུ་ཤུགས་གློག་ཁང་གི་བགྲོད་ལམ་བརྒྱུད་གློག་ཕྱིར་གཏོང་བ་དང་འོད་ཤུགས་གློག་ཁང་གི་གློག་གཏོང་ཚད་ཀྱི་སྐབས་བསྟུན་རང་བཞིན་དང་འཕར་ཆག་རང་བཞིན་དོ་སྙོམས་བྱུང་ནས་ཆུ་འོད་ཕན་ཚུན་གསབ་རེས་ཐུབ་ཡོད་པ་རེད།
འདི་ནི་སི་ཁྲོན་གྱིས་ནུས་རྒྱུའི་གྲུབ་ཆ་སྣ་མང་ཅན་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད། གསར་འགོད་པར་ཉེ་ཆར་འཚོགས་པའི་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཚོགས་ཆེན་ནས་ཤེས་རྟོགས་བྱུང་བར། དཀར་མཛེས་ཁུལ་གྱི་ཆུ་ནུས་དང་། ཉི་ནུས། རླུང་ནུས། ས་འོག་ཚ་ནུས་བཅས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”གྱི་ནུས་རྒྱུའི་རྟེན་གཞི་གལ་ཆེན་ཞིག་རེད། དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མའི་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་ཐོག་མའི་གྲུབ་འབྲས་ལས་མངོན་པར། ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་མི་མངོན་པའི་ནུས་པ་ཆན་ཝ་དུང་ཕྱུར་2.5ཙམ་གསར་སྤེལ་ཐུབ་པ་དང་མིག་སྔའི་འཆར་འགོད་ལྟར་ན། 2025ལོར་སླེབས་སྐབས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཁྱོན་ཆན་ཝ་ཁྲི་3000ལྷག་ཙམ་ཟིན་གྱི་ཡོད།
ཉིན་ཤས་གོང་དཀར་མཛེས་ཁུལ་གྱིས《ནུས་རྒྱུ་གཙང་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས། ནུས་རྒྱུ་གཙང་མའི་མ་ལག་འཆར་གཞི་བཀོད་པ་དང་། ཆུ་རླུང་འོད་གཞི་གཅིག་ཅན་གྱི་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བརྟན་ལ་བློས་འགེལ་ཆོག་པའི་གློག་དྲ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་སོགས་ལ་འཆར་འགོད་ཞིབ་ཕྲ་བྱས་པ་རེད། ཚོགས་འདུར་དཀར་མཛེས་ཁུལ་གྱིས་ཆུ་འཐེན་ནུས་གསོག་དང་འོད་ཤུགས་རྣམ་གྲངས་17གཙོ་གནད་འོས་སྦྱོར་བྱས་ཤིང་། འཕྲུལ་འཁོར་ནས་གློག་གཏོང་ཚད་ཁྱོན་ཆན་ཝ་ཁྲི་2600ལྷག་ཙམ་ཟིན་པ་དང་རགས་རྩིས་བརྒྱབ་ན་སྤྱིའི་མ་དངུལ་སྒོར་དུང་ཕྱུར་1300ལྷག་ཙམ་ཟིན་ནས་ནུས་རྒྱུའི་ཁེ་ལས་མང་པོ་ཞིག་གི་མ་དངུལ་འཇོག་པའི་ཡིད་དབང་བཀུག་ཡོད་པ་རེད།
སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་ལེང་ཝུའུ་ཧུའུ་ཡིས། སྤྱོད་མཁན་མགྱོགས་མྱུར་འཕར་བའི་གློག་གི་ཐེག་ཚད་དང་གློག་སྤྱོད་ཚད་ཀྱི་དགོས་མཁོ་བསྐང་ཆེད། སི་ཁྲོན་གྱིས་ནུས་མང་གསབ་རེས་ཀྱི་གཙོ་གནད་གློག་ཁུངས་རྣམ་གྲངས་དང་ཕན་ཚུན་འབྲེལ་མཐུད་དང་རམ་འདེགས་ཀྱི་གློག་དྲ་བརྟན་པོ་མགྱོགས་པོ་འཛུགས་པ་དང་། གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་འཆར་འགོད་དང་འཛུགས་པ། ནུས་རྒྱུ་གཙང་མའི་ཐོན་ལས་དང་དེའི་འདེགས་སྐྱོར་ཐོན་ལས་དང་བཀོལ་སྤྱོད་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ནུས་རྒྱུའི་གྲུབ་ཆ་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
《སི་ཁྲོན་ཞིང་ཆེན་གྱི་གློག་ཁུངས་གློག་དྲ་འཕེལ་རྒྱས་འཆར་འགོད(2022ལོ་ནས་2025ལོའི་བར)》དུ་བཏོན་དོན། ཆུ་ཤུགས་གློག་གཏོང་གི་འདེགས་སྐྱོར་གནས་བབ་ཆེ་རུ་གཏོང་བ་དང་རླུང་འོད་སོགས་ནུས་རྒྱུ་གསར་པའི་ཁ་གསབ་ནུས་པ་ཆེ་རུ་བཏང་སྟེ། 2025ལོར་སླེབས་སྐབས་སི་ཁྲོན་ཞིང་ཆེན་གྱི་ཆུ་གློག་གིས་བཟུང་བའི་བསྡུར་ཚད་དེ་77.8%ནས་64.1%བར་དམའ་རུ་དང་། འོད་གློག་གི་བཟུང་ཚད་1.7%ནས་13.3%བར་མཐོ་རུ། རླུང་གློག་གི་བཟུང་ཚད་4.6%ནས་6%བར་མཐོ་རུ་གཏོང་གི་ཡོད། ནུས་རྒྱུའི་གྲུབ་ཆ་སྣ་མང་གསབ་རེས་ལ་སྐུལ་འདེད་བཏང་ཚེ་གནམ་གཤིས་ངན་པའི་གནས་ཚུལ་འོག་གི་གློག་གཏོང་ནུས་པ་སྔར་བས་ཆེ་རུ་འགྲོ་བ་དང་ཐེག་ཚད་ལྟེ་གནས་ཀྱི་གློག་གཏོང་གནོན་ཤུགས་ཚད་ངེས་ཅན་གྱིས་ཆུང་དུ་ཕྱིན་ཏེ། སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གློག་ཤུགས་ཀྱི་འགན་ལེན་ནུས་ལྡན་ཐུབ་ཀྱི་ཡོད།