དབྱར་ཟླ་བདུན་པར་མཛོད་དགེ་རྫོང་གི་སྐ་ཆུ་ཕྱུགས་རར། མུའུ་ཁྲི་ལྡན་གྱི་པད་ཁའི་མེ་ཏོག་རྣམ་པར་བཞད་དེ་མཛེས་པའི་རླབས་ཕྲེང་ཀུན་ཏུ་འཕྱུར་ཏེ། དྲ་གྲགས་མི་སྣའི་ཡུལ་སྐོར་བྱེད་ཡུལ་མཆོག་ཏུ་གྱུར་བ་རང་བྱུང་ལྷུན་གྱིས་གྲུབ་པར་མ་ཟད། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རིར་འགྱུར་བའི་རྣམ་པ་མངོན་དུ་གྱུར་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་དར་སྤེལ་ཟུང་འབྲེལ་གྱི་རྣམ་པ་ལེགས་པར་བསྐྲུན།
སྐ་ཆུ་ཕྱུགས་ར་ནི་རྨ་ཆུའི་སྟོད་རྒྱུད་དུ་གནས་ཤིང་། ལོ་རེའི་དབྱར་ཁར་གནས་འདིར་པད་ཁའི་མེ་ཏོག་གི་རྒྱ་མཚོ་རྣམ་པར་འཁྱིལ་ཏེ། མཚོན་བྱེད་རང་བཞིན་གྱི་རང་བྱུང་གི་མཛེས་ལྗོངས་ལྷུན་གྱིས་འགྲུབ་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་བོ་མ་བོས་མགྲོན་དུ་འགུག་བཞིན་ཡོད།
མཛོད་དགེ་རྫོང་སྐ་ཆུ་ཕྱུགས་རའི་མུའུ་ཁྲི་ལྡན་གྱི་པད་ཁའི་མེ་ཏོག་རྟེན་གཞིའི་ཐོན་སྐྱེད་ལས་མི་ཙུའོ་ཐེན་ཧྥུས་བཤད་རྒྱུར། ལོ་རེ་བཞིན་པད་ཁའི་རྟེན་གཞི་འདིར་ས་གཞིའི་སྒྱུ་རྩལ་གྱི་ལས་ཀ་གཉེར་བ་ཡིན། ད་ལོར་ང་ཚོས་པེ་ཅིང་གནམ་བདེ་སྒོ་མོ་ཆེ་བཞེངས་ཏེ། དེའི་ངོས་སུ་རྩྭ་ཐང་ནས་པེ་ཅིང་ལ་ཕྱོགས་ཏེ་གུང་ཁྲན་ཏང་གི་བཀའ་དྲིན་ཡིད་ལ་དྲན་ཞེས་པ་བཀོད་དེ། ང་ཚོའི་ཏང་དབུ་བརྙེས་ཏེ་ལོ་འཁོར102ལོན་པའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་པ་ཡིན་ཟེར།
གྲོང་སྡེའི་ཡུལ་སྐོར་དར་སྤེལ་བཏང་བ་ཕུད། ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་མུ་མཐུད་དུ་པད་ཁའི་ཐོན་ལས་དར་སྤེལ་བཏང་སྟེ། དགུན་དུས་སུ་རང་དགར་བསྐྱུར་བའི་ས་ཞིང་དེ་ཡོང་འབབ་འཕར་བའི་ས་ཞིང་དུ་བསྒྱུར། ཚོད་དཔག་ལྟར་ན་ད་ལོར་སྐ་ཆུ་ཕྱུགས་རའི་པད་ཁའི་ཐོན་ཚད་ཏུན1000ཟིན་ཏེ། པད་སྣུམ་ཏུན350ཡན་ཟིན་སྲིད།
མཛོད་དགེ་རྫོང་སྐ་ཆུ་ཕྱུགས་རའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལི་ཁྲའོ་ཁའེ་ཡིས་བཤད་རྒྱུར། པད་ཁའི་རྒྱ་ཁྱོན་ལ་མུའུ་ཁྲི2ལྷག་ཡོད། སོན་བཟང་ལེགས་སྒྱུར་ལག་རྩལ་ཁྱབ་གདལ་བཏང་བ་བརྒྱུད། ང་ཚོའི་ད་ལྟའི་ཐོན་ཚད་ནི་གནས་ཚུལ་ལྟ་ཞིབ་བྱས་པ་ལྟར་ན། ཉེ་བའི་ལོ་འགའ་ཞིག་ལས་ཐོན་ཚད་ཆེས་མང་བའི་ལོ་ཡིན་སྲིད།
2022ལོར་སྐ་ཆུ་ཕྱུགས་རའི་མུའུ་ཁྲི་ལྡན་གྱི་པད་ཁའི་ལྗོངས་གཟིགས་རྟེན་གཞིའི་ཡུལ་སྐོར་བ་སྣེ་ལེན་ཚད་མི་ཐེངས་ཁྲི1ལས་བརྒལ་ཏེ། བདེ་གཡེང་རྣམ་པའི་ཞིང་ལས་ཀྱི་ཕྱོགས་བསྡུས་བདག་གཉེར་ཡོང་འབབ་སྒོར་ཁྲི80ལྷག་མངོན་དུ་གྱུར། པད་སྣུམ་གྱི་ཐོན་ལས་ཆ་ཚང་རྣམ་པར་བརྟེན་ཏེ། ཁྱིམ་ཚང་བརྒྱ་ཕྲག་ལྷག་དང་མི་གྲངས་སྟོང་ལ་ཉེ་བའི་ཕྱུག་འགྱུར་ལ་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ནས། མཛོད་དགེའི་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་གྱི་འཕེལ་རྒྱས་ལ་རམ་འདེགས་གང་ལེགས་གནང་།