༄༅། །བོད་ཀྱི་ཡི་གེ་ཐོག་མར་དར་ཚུལ་མདོ་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-21


      བོད་ཁ་བའི་ལྗོངས་འདི་ལ་འགྲོ་བ་མི་དང་སྐད་བརྡ་རིག་པ་བྱུང་ནས་དུས་ཡུན་ཤིན་ཏུ་རིང་བའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དངོས་ཀྱི་ཁྲོད་དུ་ཁོ་ཚོ་ཕན་ཚུན་ཁ་བྲལ་མི་རུང་བའི་འབྲེལ་བ་ཞིག་ཆགས་ཤིང་། མི་རྣམས་ཐུན་མོང་གི་བ་སྤྱོད་གཅིག་གྱུར་ཞིག་ཡོང་བ་བྱེད་དགོས་བྱུང་སྟབས། དེ་དག་གི་བསམ་བློ་མཚོན་བྱེད་ཀྱི་ས་ཁུལ་རེར་གཅིག་གྱུར་ཡིན་པའི་སྐད་ཆ་ཞིག་དར། དེ་ནི་ཐོག་མའི་དུས་སྐབས་སུ་དར་བའི་བོད་སྐད་ཡིན་ལ། དེ་ཡང་མི་རིགས་གཞན་ཀུན་གྱི་སྐད་ཆ་དང་འདྲ་བར་ཐོག་མར་དར་དུས་སུ་སྐད་ཆ་ཧ་ཅང་སྟབས་བདེ་ལ་ཆ་མི་ཚང་བ་ཞིག་ཡིན་ན་ཡང་ལོ་རྒྱུས་ཀྱི་དུས་སྐབས་ཤིན་ཏུ་རིང་བོ་ཞིག་གི་ནང་དུ། ཐོན་སྐྱེད་རིམ་བཞིན་འཕེལ་རྒྱས་རྒྱ་ཆེན་པོ་བྱུང་བ་དང་འབྲེལ། མི་རྣམས་ཀྱི་བསམ་བློའི་ཤེས་རྒྱ་ཇེ་ཆེར་གྱུར་བ་དང་། ཕན་ཚུན་འབྲེལ་བ་བྱེད་པའི་རྒྱ་ཁྱོན་ཡང་ཇེ་ཆེར་གྱུར་པས། དེའི་ཡོ་བད་གཙོ་བོར་གྱུར་པའི་སྐད་ཆ་དེ་ཡང་རིམ་གྱིས་རྒྱ་ཇེ་ཆེར་དང་སྣ་ཇེ་འཛོམས་སུ་གྱུར་ཅིང་། གཅིག་གྱུར་ཡིན་པའི་ཚད་ཀྱང་ཇེ་མཐོར་སོང་བ་རེད། ཡུལ་འདིར་མིའི་འགྲོ་བ་བྱུང་བ་ནས་ཡི་གེ་ཐོག་མར་བྱུང་བའི་བར་གྱི་ལོ་སྟོང་ཕྲག་མང་པོའི་དུས་ཡུན་ནང་དུ་བོད་ཀྱི་སྐད་ཆ་རིམ་གྱིས་འཕེལ་རྒྱས་བྱུང་ནས་ཐོན་མིའི་དུས་སུ་བོད་ཁམས་ཡོངས་ཀྱི་མི་རྣམས་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཆ་ཅུང་ཟད་ཆ་ཚང་ལ་ཕུན་སུམ་ཚོགས་པ་ཞིག་ཆགས་ཟིན་ལ། རྨང་གཞི་དེའི་སྟེང་དུ་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་པའི་བོད་ཡིག་གསར་དུ་བྱུང་ཞིང་། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་ཕུན་སུམ་ཚོགས་པའི་སུམ་རྟགས་དག་གསུམ་དང་སྒྲ་རིག་པའི་བསྟན་བཅོས་རྣམས་དང་། མི་རིགས་གཞན་གྱི་སྐད་ལས་བོད་སྐད་དུ་བསྒྱུར་བའི་སྤྱན་རས་གཟུགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བཀའ་བསྟན་དུ་མ་བྱུང་། རྨང་གཞི་དེ་མེད་ན་ཡི་གེ་ཐོག་མར་བྱུང་དུས་བརྩམས་པའམ་བསྒྱུར་ངེས་པའི་གླེགས་བམ་རྣམས་ལས་ཆ་ཚང་ལ་ཡིད་འཕྲོག་པའི་ཐ་སྙད་འདི་འདྲ་མང་པོ་ཞིག་དང་ཚིག་སྦྱོར་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་འབྱུང་མི་སྲིད་དོ། ཐ་སྙད་ལ་ལ་ཐོན་མི་སོགས་ལོ་ཙཱ་པ་རྣམས་ཀྱིས་མི་རིགས་གཞན་ཀྱི་སྐད་བོད་སྐད་ལ་བསྒྱུར་སྐབས་དེའི་དོན་ལ་གཞིགས་ནས་གསར་དུ་བརྩམས་པ་དང་། མང་ཆེ་བ་བོད་རང་སྐད་ལ་སྔོན་ནས་ཡོད་པའི་ཐ་སྙད་རྣམས་ཡིག་ཐོག་ལ་བྲིས་ནས་ཚིག་སྦྱོར་བྱེད་སྟངས་གཏན་ལ་ཕབ་པ་ཞིག་ཡིན་པ་ནི་སྨོས་མ་དགོས། དེ་ཡང་གསལ་བར་བཤད་ན། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་དེར། མདོ་དབུས་ཁམས་གསུམ་གྱི་སྐད་ཆ་ད་ལྟའི་འདི་ལྟ་བུའི་ཁྱད་པར་ཆེན་པོ་མེད་པ་མངོན་ཏེ། རྒྱུ་མཚན་ནི། དུས་རབས་བཅུ་གསུམ་པའི་དུས་མགོར། འབྲི་གོང་དུ་འཇིག་རྟེན་མགོན་པོ་འཚོ་བཞུགས་སྐབས་སྔོན་འཇུག་ཡོད་མེད་དང་མགོ་ཅན་ཡིན་མིན་སོགས་ཀྱི་ཁྱད་པར་གསལ་བའི་ཀློག་དག་པར་འདོན་པའི་སྲོལ་ཡོད་པར་པ་ཆེན་སི་ཏུས་གསུངས་པ་ལས་སྐབས་དེ་དང་དེའི་སྔོན་དུ་མདོ་དབུས་ཁམས་གསུམ་གྱི་ཡི་གེ་ཀློག་ཚུལ་ཕལ་ཆེར་གཅིག་པར་ཤེས་ཐུབ་ཀྱང་། ད་ལྟ་དབུས་གཙང་གི་ཡུལ་གྲུ་མང་པོར་དེ་ལྟ་བུའི་ཀློག་དཔར་འདོན་པའི་སྲོལ་མེད་པའང་ཁོ་ཚོའི་སྐད་ཆ་འགྱུར་ཆེ་བ་ལ་བརྟེན་ནས་བྱུང་བར་མངོན་ཞིང་། བོད་ཀྱི་མཐའ་ཁུལ་རྒྱ་མོ་རོང་དང་། ཨ་མདོ་སྤྱི་ལ་དར་བའི་འབྲོག་ཁུལ་དུ་དེང་དུས་ལ་ཡང་རྗེས་འཇུག་ཡོད་མེད་དང་མགོ་ཅན་ཡིན་མིན་སོགས་ཀློག་ཚུལ་ལ་ཁྱད་པར་ཡོད་པར་མ་ཟད། སྔོན་འཇུག་ཡོད་མེད་དང་ཐ་ན་ཡང་འཇུག་ད་དྲག་ཡོད་མེད་ཀྱི་ཁྱད་པར་ཡང་ཀློག་དག་པར་འདོན་པ་དག་གིས་གསལ་བར་འབྱེད་ཐུབ་འདིས་ས་འདི་དག་གི་སྐད་ཆ་འགྱུར་བ་ཅུང་དལ་བ་མཚོན་ཐུབ་པས། དེ་ལ་སྔ་བའི་བཙན་པོའི་དུས་ཀྱི་བོད་མིའི་ཁ་སྐད་དེ་བས་ཀྱང་མཐུན་ཆེ་ཙམ་ཡོད་པ་རྟོགས་ནུས་པར་མ་ཟད། ལྷག་པར་དུ་བཙན་པོའི་དུས་སུ་བྲིས་པའི་རྡོ་རིང་གི་ཡེ་གེ་དང་། ཏུན་ཧོང་ལས་ཐོན་པའི་ཡིག་ཪྙིང་། བཀས་བཅད་དང་པོའི་སྐབས་སུ་བྲིས་ནས་ཕྱིས་སུ་འགྱུར་བཅོས་མ་བྱས་པའི་གླེགས་བམ་བྲིས་མ་ཁྱིམ་ཚང་ཪྙིང་བ་དང་། དགོན་སྡེ་སོ་སོའི་རྟེན་ཁྲོད་དུ་བཞུགས་པ་སོགས་ལ་ཞིབ་ཏུ་དཔྱད་ན། དེ་དག་ཏུ་འཁོད་པའི་བརྡ་ཪྙིང་གི་ཐ་སྙད་མང་པོ་ཞིག་དེང་དུས་ཀྱི་དབུས་གཙང་གི་སྐད་ལས་མདོ་སྨད་ཀྱི་སྐད་དང་མཐུན་པ་ཅུང་མང་བ་འབྱུང་བ་སོགས་ལས་ཀྱང་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་སུ་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་ད་ལྟའི་ཁྱད་པར་འདི་ལྟ་བུ་མེད་པ་ཤེས་སླ་སྙམ། དེ་ལྟར་མིན་ན་སྐབས་དེར་བྲིས་པའི་མིང་ཚིག་རྣམས་རྒྱལ་པོ་དང་ཐོན་མི་སོགས་རྒྱུན་དུ་བཞུགས་སའི་དབུས་གཙང་གི་སྐད་ལས་མདོ་སྨད་ཀྱི་སྐད་དང་མཐུན་པ་འདི་ཇི་ལྟར་འབྱུང་བ་དཔྱོད་ལྡན་རྣམས་ཀྱིས་ཀྱང་དཔྱད་པར་བྱའོ། །

     དུས་སྐབས་དེར་གཅིག་མཐུན་ཡིན་པའི་བོད་སྐད་བཤད་མཁན་ནི་དབུས་གཙང་མི་ཁོ་ན་མ་ཡིན་པར། མངའ་རིས་དང་མདོ་སྨད་སོགས་ཀྱི་མི་ཥ་ཅང་མང་པོ་ཞིག་ཡིན་པ་དང་། དེ་ལྟ་བུའི་ཁ་སྐད་གཅིག་མཐུན་ཡོད་པ་ནི། རྒྱལ་བོའི་བཀའ་བཙན་གྱིས་གཅིག་སྡུད་བས་ནས་བྱུང་བ་ཞིག་མིན་ལ། སྐབས་དེར་གློ་བུར་དུ་བྱུང་བ་ཞིག་ཀྱང་མིན་པར་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བོ་ཞིག་གི་ནང་དུ་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་རིམ་གྱིས་གཅིག་གྱུར་བྱུང་བ་ཞིག་ཡིན་པས། མ་མཐའ་ཡང་རྒྱལ་བོ་སྲོང་བཙན་གྱི་ལོ་བརྒྱ་ཕྲག་དུ་མའི་སྔོན་ནས་བྱུང་བ་ཡིན་པ་གདོན་མི་ཟའོ། །རླབས་ཆེན་སློབ་དཔོན་མར་ཁི་སིས?ས་ཕྱོགས་དང་གོམས་སྐད། ཅེས་པའི་གསུང་རྩོམ་ནང་མི་རིགས་ཀྱི་སྐད་རྣམས་གཅིག་གྱུར་ཆགས་པའི་འགྲོ་ལམ་སྐོར་ལས?ས་ཕྱོགས་ཀྱི་སྐད་རྣམས་གཅིག་ཏུ་གྱུར་པ་ལ་རག་ལས་ཡོད། ཅེས་གསུངས་པ་ལྟར་བོད་ཡུལ་འདིར་ཡང་ཤིན་ཏུ་སྔ་བའི་བོད་མིའི་སྐད་ཆ་གཅིག་མཐུན་ཡིན་པ་འདི་ཙམ་གྱིས་ཀྱང་གསལ་བར་རྟོགས་ནུས་པས། གཉའ་ཁྲི་བཙན་པོའི་སྔོན་གྱི་དུས་ཡུན་ཥ་ཅང་རིང་བོའི་སྔོན་དུ་བོད་ཅེས་པ་ནི་ཡུལ་གྲུ་ཆུང་བ་ཞིག་ནས་རིམ་གྱི་འཕེལ་བ་ཡིན་སྲིད་ཀྱང་། གཉའ་ཁྲི་བཙན་པོ་སོགས་ཀྱི་དུས་ཀྱི་བོད་ཅེས་པ་ནི་ཡར་ལུང་སོགས་ཡུལ་ཉི་ཚེ་བ་ཞིག་གི་མིང་མིན་པ་ཚིག་ཐག་བཅད་ནས་བཤད་ཆོག་སྙམ། དེར་མ་ཟད་བོད་ཀྱི་དེབ་ཐེར་རྣམས་གཞིར་བཞག་ཐོག་ཏུན་ཧོང་གཏེར་ཡིག་དང་སྒོ་བསྟུན་ཏེ་སྲོང་བཙན་ནམ་མདོ་དབུས་མཐོ་སྒང་གི་ཚོ་བ་ཁག་གཅིག་བསྡུད་བྱེད་མཁན་གྱི་རྒྱལ་བོ་དང་བོ་མིན་ལ། དེའི་སྔོན་ལ་བོད་ཁམས་ཡོངས་ལ་དབང་བསྒྱུར་བའི་རྒྱལ་བོ་ཞིག་བྱུང་ཡོད་པའི་སྐོར་ལ་དེང་དུས་ཀྱི་མཁས་པ་ལ་ལ་དང་ཅུང་མི་མཐུན་པའི་རྨོངས་འཆར་འགའ་ཞིག་བདག་ལ་ཞུ་རྒྱུ་ཡོད་ཀྱང་། འདིར་བརྗོད་པ་སྐབས་སུ་མ་བབ་པས་ཤེས་ལྡན་རྣམས་ལ་དཔྱོད་པའི་སྒོ་ཙམ་བསྟན་པ་འདི་ཙམ་གྱིས་ཆོག་ཤེས་པར་བྱའོ། །

    དེང་སྐབས་ཀྱི་བོད་ཡིག་གསར་སྐྲུན་གྱི་ལོ་རྒྱུས་ཐད་ལ། གངས་ཅན་མཁས་དབང་དུ་མས་མགྲིན་གཅིག་གིས་འདི་ལྟར་འདོད་དེ། རྒྱལ་བོ་སྲོང་བཙན་སྒམ་པོའི་སྔོན་དུ་བོད་ལ་ཡེ་གེ་མེད་ཅིང་། རྒྱལ་བོ་འདིའི་དུས་སུ་སངས་རྒྱས་ཀྱི་ཆོས་ལུགས་བོད་ལ་དར་བའི་མགོ་བརྩམས་པ་དང་། དྲག་པོའི་དཔུང་གིས་མཐའ་བཞིའི་རྒྱལ་ཕྲན་དུ་མ་མངའ་འོག་ཏུ་བཅུག་པ་དང་། དངོས་སུ་དབང་མ་བསྒྱུར་ཀྱང་ཡུལ་ལུགས་ཀྱི་སྐྱེས་འབུལ་མཁན་རྒྱལ་ཁབ་དང་རྒྱལ་ཕྲན་ཁག་གི་ཕོ་ཉ་དབར་དུས་ཆར་སྤྲིན་གྱི་འདུ་འགོད་དང་མཚུངས་པར་གྱུར་པ་དང་། རྒྱ་གར་དང་རྒྱ་ནག་སོགས་མི་རིགས་གཞན་གྱི་མཁས་པ་དུ་མ་བོད་ལ་ཕེབས་པ་དང་། བོད་རང་ལ་ཡེ་གེ་མེད་ཀྱང་མི་རིགས་གཞན་གྱི་ཡི་གེ་ལ་སྦྱངས་ནས་མཁས་པར་གྱུར་བའི་བོད་མིའང་དུ་མ་ཞིག་བྱུང་ཡོད་པ་དང་། ལྷག་པར་དུ་ཆབ་སྲིད་དང་དཔལ་འབྱོར་དར་བའི་རྩེ་མོར་སོན་པ་བཅས་ལ་བརྟེན། རྒྱལ་སྲིད་སྐྱོང་བ་ལ་ཡེ་གེ་འདི་ཤིན་ཏུ་གལ་ཆེ་བར་རྒྱལ་བློན་འབངས་དང་བཅས་པས་ལེགས་པར་རྟོགས་ནས་རྒྱལ་བོའི་བཀས་ཐོན་མི་འཁོར་དངབཅས་པ་རྒྱ་གར་དུ་ཡི་གེ་སློབ་ཏུ་མངགས་པ་ཡིན་ནོ། །དེ་ཡང་དེང་སྐབས་མི་ལ་ལས། རྒྱལ་བོ་སྲོང་བཙན་གྱི་བལ་བཟའ་ཁབ་དུ་བཞེས་པས་རྒྱ་གར་དུ་ཡི་གེ་སློབ་ཏུ་མངགས་པར་བཤད་པ་ནི་འཐད་པར་མི་སེམས་ཏེ། འོག་ནས་འཆད་འགྱུར་ལྟར་ཐོན་མི་རྒྱ་གར་དུ་ཕེབས་པའི་ལོ་ནི་རྒྱལ་པོ་དགུང་ལོ་བཅུ་བདུན་བཞེས་པའི་ཐོག་དང་། བལ་བཟའ་ཁབ་ཏུ་བསུས་པའི་ལོ་ནི་རྒྱལ་བོ་དགུང་ལོ་ཉེར་གསུམ་བཞེས་པའི་ཐོག་ཡིན་པར་ལོ་རྒྱུས་དེབ་ཐེར་དག་ལས་བཤད་དོ། །

དེར་བརྟེན། ཡི་གེ་སོགས་རིག་གནས་ཁྱད་པར་བ་ཞིག་གསར་དུ་དར་བར་བྱེད་པ་ལ་མི་རིགས་དེ་རང་ལ་ཆ་རྐྱེན་མང་པོ་ཞིག་འཛོམས་མི་དགོས་པར་རྒྱལ་བོས་མི་རིགས་གཞན་གྱི་བཙུན་མོ་ཞིག་ཁབ་དུ་བཞེས་པ་ཙམ་གྱིས་མི་རིགས་དེའི་རིག་གནས་དར་ཐུབ་པ་ཞིག་མིན་པ་ནི་སུས་ཀྱང་ཤེས་སླ་བས་རྒྱུ་མཚན་མང་པོ་འགོད་མ་དགོས། འོན་ཀྱང་། དུས་དེར་བོད་རང་ལ་གོང་ནས་བཤད་པའི་ཆ་རྐྱེན་དེ་དག་འཛོམས་ཐོག་བལ་བཟའ་དང་རྒྱ་བཟའ་གཉིས་སྔ་ཕྱིར་བོད་ཀྱི་རྒྱལ་བོའི་བཙུན་མོར་བསུས་པས། རྒྱ་བལ་གྱི་རིག་གནས་རིགས་མང་པོ་ཞིག་བོད་ལ་དར་བའི་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ནི་བཤད་མ་དགོས་སོ། །

     རྒྱལ་བོ་སྲོང་བཙན་སྒམ་པོའི་འཁྲུངས་ལོ་ལ་བཞེད་ཚུལ་མི་འདྲ་བ་ཡོད་མོད། ས་ཆེན་གྲགས་པ་རྒྱལ་མཚན་དང་། བུ་སྟོན་རིན་ཆེན་སོགས་ཀྱི་བཞེད་པ་ལྟར་ན་མེ་མཁའ་རྒྱ་མཚོའི་འདས་ལོ་མ་ཚུགས་པའི་སྔོན་གྱི་ལོ617བདུན་པ་མེ་མོ་གླང་ལ་རྒྱལ་བོ་འཁྲུངས་ནས་དགུང་ལོ་བཅུ་དང་ཐོན་མི་དགུང་ལོ་བཅོ་ལྔ་བཞེས་པའི་ཐོག་སྟེ་ཆུ་སྤྲུལ་ལོར་ཐོན་མི་འཁོར་དང་བཅས་པ633རྒྱ་གར་དུ་ཆས་ནས་རིང་པོ་མ་འགོར་བར་ལམ་དུ་ཉེ་ཉོ་མེད་པར་རྒྱ་གར་དུ་བདེ་བར་ཐོན། དེ་ནས་རྒྱ་གར་གྱི་ཡུལ་གྲགས་ཆེ་བ་ཀུན་མྱུལ་ཞིང་། མཐར་ལྷོ་ཕྱོགས་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་མི་འདྲ་བ་དུ་མ་ལ་མཁས་པར་སྦྱངས། ཐོན་མི་དགུང་ལོ་ཉེར་གཅིག་ཐོག་བོད་དུ་ཕྱིར་ཕེབས། དེ་ནས་བོད་ཡུལ་ཀུན་ཏུ་རིག་གནས་དར་རྒྱས་ཆེན་པོ་འབྱུང་ཆེད། རྒྱལ་བོ་ཉིད་ནས་ཐོན་མི་སློབ་དཔོན་དུ་བསྟེན་དེ་སྐུ་མཁར་མ་རུང་ལོ་གསུམ་ལ་སྐུ་མཚམས་བཅད་ནས་རྒྱ་གར་གྱི་ཡི་གེ་དང་སྒྲ་རིག་པ་ལ་ཞིབ་ཏུ་སྦྱངས་ཏེ་མཁས་བར་གྱུར་ཀྱང་། རྒྱ་གར་གྱི་ཡི་གེ་དེས་བོད་སྐད་འབྲི་མི་ནུས་པ་དང་། སྒྲ་རིག་པའང་འབོད་བརྡ་དང་མི་འཚམ་པས། བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་ཞིག་གསར་དུ་བཟོ་དགོས་པར་རྒྱལ་བོའི་བཀས་བསྐུལ་ལ་བརྟེན་ནས་ཐོན་མིའི་བོད་ཀྱི་སྐད་ལ་རྟོགས་དཔྱོད་ཞིབ་ཏུ་གནང་རྗེས། སུམ་རྟགས་སོགས་བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་བརྒྱད་ལ་སོགས་པའང་རིམ་གྱིས་བརྩམས་ཤིང་། སྤྱན་རིས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བཀའ་བསྟན་དུ་མ་བོད་ལ་ཐོག་མར་བསྒྱུར་བ་ཡིན་ནོ། །རྒྱལ་བོས་ཀྱང་ཐོན་མི་ལ་བཀུར་སྟི་བསམ་གྱིས་མི་ཁྱབ་པ་མཛད་ནས་སློབ་དཔོན་ཞེས་པའི་མཚན་གསོལ་ཞིང་། བོད་ཕྲུག་འཛངས་མི་བདུན་གྱི་བཞི་བར་བསྔགས། བོད་ཡུལ་མུན་པའི་གླིང་དུ་རིག་གནས་ཀྱི་ཉི་མ་ཤར་བ་ཡིན་ནོ་ཞེས་མཁས་པ་དུ་མས་གསུངས་སོ། །སྔོན་གྱི་ལོ་རྒྱུས་རྣམས་སུ་ཐོན་མིས་བོད་ཡིག་གསར་དུ་བཟོས་ཚུལ་བཀོད་ཡོད་པའང་རང་བཟོ་བས་པའམ། སྔོན་གྱི་ངག་སྒྲོས་བཀོད་པ་ཙམ་མ་ཡིན་པར་གོང་གསལ་ཐོན་མི་ཉིད་ཀྱིས་བརྩམས་པའི་གླེགས་བམ་དེ་དག་ཞིབ་ཏུ་གཟིགས་ནས་བྲིས་པར་མངོན་ཏེ། རྒྱལ་རབས་གསལ་བའི་མེ་ལོང?ལས་ཐོན་མིས་ཡེ་གེ་བཟོས་ཚུལ་རྒྱས་པར་ཤེས་འདོད་ན་དེ་དག་ཏུ་གཟིགས་ཤིག་ཅེས་གདམས་ཡོད་པས་སོ། །དེ་ལྟར་ཐོན་མིས་བོད་ཡིག་གསར་དུ་བཟོས་པར་སྔོན་བྱོན་མཁས་པ་ཐམས་ཅད་ཀྱི་ཞལ་མཐུན་ཡང་། བོད་ཡིག་གི་དཔེར་ལེན་སའི་ཕྱི་མོའི་ཡེ་གེ་གང་ཡིན་སོགས་དོན་གནད་འགའ་ཞིག་ལ་འདོད་ཚུལ་ཅུང་མི་མཐུན་པ་ཡོད་ལ། དེབ་དཀར་དུ། ཐོན་མི་ནི་རྒྱ་གར་གྱི་གུའི་སྲིད་སྐྱོང་བའི་སྐབས་སུ་བྱོན་པས། བོད་ཡིག་གང་ལ་དཔེར་མཛད་པའི་ཕྱི་མོ་ནི་གུའི་ཡི་གེ་ཡིན་ནོ་ཟེར། དེ་ལྟར་བཞེད་ཚུལ་མི་གཅིག་པ་དུ་མ་ཡོད་ཀྱང་། ལྔ་བ་ཆེན་མོ་སོགས་ཀྱིས་བཞེད་པ་ལྟར་ལཉྫ་ལ་དཔེར་བས་ནས་དབུ་ཅན་དང་ཝརྟུ་ལ་དཔེ་བས་ནས་དབུ་མེད་བཟོས་པ་ནི་ལུང་དང་རིགས་པས་བསྒྲུབ་མི་དགོངས་པར་ལན་ཝར་དང་བོད་ཡིག་གཉིས་བསྡུར་ནས་ཞིབ་ཏུ་བལྟས་ན་གསལ་བར་ཤེས་ནུས་ཀྱང་། ཡིད་མི་ཆེས་ན་དེང་དུས་ཀྱི་མཁས་པ་ཆེན་པོ་དབངས་ལྡན་རིག་པའི་འདོད་འཇོས་ཐོན་མིས་ལན་ཝར་ལ་དཔེར་བས་ནས་བོད་ཡིག་གི་གཟུགས་ཇི་ལྟར་བཟོས་ཚུལ་མཚོན་བྱེད་རེའུ་མིག་ཞིག་ཁོང་གིས་བརྩམས་པའི་སྒྲ་རིག་པའི་བསྟན་བཅོས་ལེ་ཚན་འགའ་ཕྱོགས་བསྡུས་ཞེས་པའི་དེབ་དེའི་མཇུག་ཏུ་འཁོད་ཡོད་པས། དེར་གཟིགས་ན་སོམ་ཉི་སེལ་བར་འགྱུར་རོ། ཡིག་གཟུགས་ཙམ་དུ་མ་ཟད་ཡི་གེ་རེ་རེའི་སྒྲ་གདངས་ཡང་ལཉྫའི་ཀློག་ཚུལ་དང་ཕལ་ཆེར་མཚུངས་པ་འདིས་ཀྱང་བོད་ཡིག་གང་ལ་དཔེར་བླངས་པ་གསལ་བར་ཤེས་ནུས་སོ། ཡིག་བཤད་མཁས་པའི་ཁ་རྒྱན་སོགས་སུ་ཅ་ཆ་ཇ་ཞ་ཟ་འ་སྟེ་ཡི་གེ་དྲུག་ཇི་ལྟར་ཪྙེད་པ་ནི་སློབ་དཔོན་གྱིས་བོད་ཡིག་གསར་བཟོ་གནང་སྐབས་ལམ་དུ་འགྲོ་བའི་མགྲོན་པོ་ཞིག་དང་བགྲོ་གླེང་མཛད་པའི་ཚིག་ཟུར་ལས་རྒྱ་གར་གྱི་གསལ་བྱེད་སོ་བཞིའི་གྲས་སུ་མེད་པའི་ཡེ་གེ་དེ་དག་བོད་ཡིག་ཏུ་སྣོན་དགོས་པ་ཐུགས་ལ་ཤར་ནས། གསར་དུ་བཟོས་པ་ཡིན་པར་གསུངས་སོ། །

     དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབངས་སོགས་སུ་བོད་སྐད་ཀྱི་གཅིག་གྱུར་དང་ཆོས་སོགས་ལ་རྒྱ་གར་གྱི་ཨེ་ཀ་དྷརྨ་སོགས་སུ་བརྗོད་པས་རྒྱ་གར་གྱི་ཡི་གེར་ཅ་ཆ་སོགས་མི་དགོས་པ་འདིར་བསྣན་ཞེས་དང་། སྔོན་གྱི་ཡིག་ཪྙིང་ཞིག་ཏུ། ཡུལ་དྲུག་གི་མིང་ལས་ཡི་གེ་འདི་དྲུག་ཪྙེད་པར་གསུང་བ་རྣམས་ཀྱང་ཞིབ་ཏུ་བརྟག་ན་འགལ་བ་གཏན་ནས་མེད་དེ། ཐོན་མིས་མགྲོན་པོ་དེའི་ཚིག་གི་རྐྱེན་བས་ཏེ་ཅ་ཆ་སོགས་གོང་གསལ་ཡི་གེ་དྲུག་དགོས་པའི་མིང་ཚིག་དུ་མ་ཞིག་ཐུགས་ལ་ཤར་ནས་ཡི་གེ་དེ་དག་གསར་དུ་བཟོས་པར་ངེས་པས་སོ། །

      མཁས་པ་ལ་ལས། དབུ་མེད་ཀྱི་ཡི་གེ་དབུ་ཅན་དང་མཉམ་དུ་ཐོན་མིས་བཟོས་པ་མིན་པར། དབུ་ཅན་འདི་བ། རང་མགྲོགས་བྲིས་པ་ལས་དབུ་མེད་རང་བཞིན་གྱིས་བྱུང་བ་ལྟར་མངོན་ཏེ། སྔོན་གྱི་ཡིག་ཪྙིང་མང་པོ་དང་། ད་ལྟ་ཡང་འབྲུག་ཡུལ་དུ་དར་སྲོལ་ཆེ་བའི་ལྷོ་ཡིག་ཏུ་གྲགས་པའི་ཡིག་གཟུགས་རྣམས་ལ་བལྟས་ན་དབུ་ཅན་དབུ་མེད་དུ་འགྱུར་ཚུལ་མངོན་སུམ་དུ་མཐོང་བ་ལྟར་འདུག་སྟེ་ཞེས་གསུང་ན་ཡང་། བདག་གི་རྨོངས་འཚར་ལ། ཐོན་མིའི་དུས་སུ་རྒྱ་གར་ན་བཟབ་བྲིས་ལཉྫ་དང་བཤུར་བྲིས་ཝརྟུ་གཉིས་ཀྱི་འབྲི་སྲོལ་ཡོད་པ་བཞིན་བོད་ལ་ཡང་གཟབ་ནས་འབྲི་རྒྱུའི་དབུ་ཅན་དང་། མགྱོགས་པར་འབྲི་རྒྱུའི་དབུ་མེད་ཀྱི་ཡི་གེ་གཉིས་སློབ་དཔོན་ཉིད་ཀྱིས་བཟོས་པ་ཡིན་པར་སེམས་སོ། ། བོད་ཀྱི་ཡི་གེའི་སཾཀྲི་ཏའི་རིག་ལམ་ནས་དྲངས་ཏེ་གསར་དུ་བཟོས་པ་ཡིན་པ་ཙམ་དུ་མ་ཟད། གསོ་བ་རིག་པ་སོགས་རིག་གནས་ཆེ་བ་རྣམས་དང་། སྙན་ངག་སོགས་རིག་གནས་ཆུང་བ་རྣམས་ཀྱང་། སྔོན་བྱོན་ལོ་པན་རྣམས་ཀྱིས་རྒྱ་གར་གཙོ་བོར་བས་པའི་མི་རིགས་གཞན་དུ་མའི་རིག་གནས་ཀྱི་སྙིང་བཅུད་བསྡུས་ཏེ། བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་ཤིན་ཏུ་འཕེལ་རྒྱས་བཏང་བ་ཡིན་ན་ཡང་། རིག་གནས་དེ་དག་བོད་ཀྱི་རིག་གནས་ཡིན་པ་ལས་རྒྱ་གར་སོགས་མི་རིགས་གཞན་པ་དག་གི་རིག་གནས་ག་ལ་ཡིན། དཔེར་ན། ཕྱི་རྒྱལ་གྱིས་བཟོས་པའི་གནམ་གྲུ་ལ་དཔེར་བས་ནས་རང་གིས་ཇུས་འགོད་ཀྱིས་བཟོས་པའི་རང་རྒྱལ་གྱི་གནམ་གྲུ་ནི་རང་རྒྱལ་གནམ་གྲུ་ཡིན་པ་ལས་ཕྱི་རྒྱལ་ཀྱི་གནམ་གྲུ་མིན་པ་བཞིན་ནོ། །

     རྒྱལ་བོ་སྲོང་བཙན་སྔོན་བོད་ལ་ཡི་གེ་མེད་པར་སྔོན་གྱི་རྒྱལ་རབས་ཚད་ལྡན་དག་ལས་གསུངས། འོན་ཀྱང་རྣམ་པ་གཞན་དུ་ན་དེང་དུས་ཀྱི་མཁས་པ་འགས་གསུང་པ་ལྟར། རྒྱལ་བོ་སྲོང་བཙན་སྒམ་པོའི་གོང་དུ་བོད་ཡིག་ཪྙིང་བ་ཞིག་ཡོད་པ་ནི་ཞང་ཞུང་གི་ཡིག་ཪྙིང་ཡིན་པ་དང་། དེ་ནི་ཆ་མི་ཚང་ཞིང་རགས་ཡིག་ཅིག་ཡིན་པས། ཐོན་སྐྱེད་གོང་དུ་འཕེལ་བའི་དགོས་མཁོ་དང་མཚམས་མི་ཐུབ་པར་རྟེན་རྒྱལ་བོའི་བཀའ་བཞིན་ཐོན་མིས་ད་ལྟའི་བོད་ཡིག་འདི་གསར་དུ་བཟོས་པ་ཡིན་ནོ།། བོད་ལ་སྔོན་ཆད་ཡི་གེ་ཞིག་ཡོད་པ་ནི་བོན་པོའི་ཡི་གེ་ཡིན་པས། བོད་ལ་མི་ཕན་ཅིང་བེད་མི་ཆོད་དོ་ཞེས་མཁས་པ་གང་གི་གསུང་ལས་ཀྱང་མ་མཐོང་བས་ཞང་ཞུང་གི་སྨར་ཆེ་ཆུང་གི་ཡིག་གཟུགས་འདི་ནི་མཐོང་རྒྱ་མེད་མཁན་ཚོས་མ་མཐོང་པ་ཙམ་ལས་ད་ལྟ་གསར་དུ་བུད་པ་ཞིག་མ་ཡིན་པར་སྔོན་གྱི་ཡི་གེ་མ་ཕྱི་སོགས་ན་ཡོད་ཅིང་། བོད་ཡིག་དང་ཁྱད་པར་ཆེན་པོ་མེད་པས། ཐོན་མིའི་རྗེས་སུ་བོད་ཀྱི་མཁས་དབང་རིམ་བྱོན་རྣམས་ཀྱི་བློ་གྲོས་ཀྱི་རྩལ་དང་སོར་མོའི་འདུ་བྱེད་ལས་བསྐྲུན་པའི་ཡིག་གཟུགས་མཐའ་ཡས་པ་ཞིག་ཡོད་པས་འདོར་ལེན་བྱེད་མི་དགོས་པས་བོད་ཡིག་གི་ཕྱི་མོ་ཡིན་ནོ་ཟེར་ན། སྔོན་གྱི་མ་ཕྱི་དུ་མ་ཡོད་པའི་སྲིན་པོའི་ཡི་གེར་གྲགས་པ་དང་། གཏེར་ཡིག་དང་། བརྡ་ཡིག་དུ་མར་ཡང་འདོར་ལེན་གང་ཡང་བྱེད་མི་དགོས་པས་བོད་ཡིག་གི་ཡིག་ཁུངས་སུ་བྱེད་དགོས་པས་ཧ་ཅང་ཐལ་ལོ་སྙམ།

     ཡང་རང་གི་མི་རིགས་ཀྱི་སྐད་ལ་བརྟག་དཔྱད་ཞིབ་དུ་བྱས་ན། ཡི་གེ་གསར་བསྐྲུན་བྱེད་ཐུབ་པར་མ་ཟད། དེ་ལྟར་ཡི་གེ་གསར་དུ་བཟོས་པ་ཡིན་ནོ་ཞེས་སྨྲས་ན། དེ་འགོག་བྱེད་ཀྱི་གཏན་ཚིག་ཡང་དག་འགོད་རྒྱུ་ག་ལ་ཡོད། ཐོན་མི་དངོས་སུ་བྱུང་མྱོང་མིན་ལ་ཐེ་ཚོམ་ཟ་བ་དང་། ཡི་གེ་ནི་ཐོན་མིས་གསར་དུ་བཟོས་པ་མིན་པའི་འཆལ་གཏམ་བཟོས་པ་སོགས་ནི་ཀུན་སློང་ངན་པ་གཞན་ཞིག་གིས་ཀུན་ནས་བསླངས་ཏེ། རྒྱུ་མཚན་ཅི་ཡང་མེད་པའི་གཏམ་འཆལ་དེ་དག་སྤེལ་བ་མིན་ནམ་སྙམ་པའི་དོགས་པ་མི་སྐྱེས་ག་མེད་བྱུང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྣང་སླར་ཡང་མེས་རྒྱལ་གྱི་ས་གཞི་ཆེན་མོར་འཕྲོས་ཤིང་། རིགས་སོ་སོའི་མི་དམངས་འཛའ་ཞིང་མཐུན་པའི་དུས་འདིར་འདི་ལྟ་བུའི་གཏམ་ཁྱབ་བརྡལ་དུ་སྒྲོག་པའི་སྐབས་མ་ཡིན་པ་ཤེས་པར་གྱིས་ཤིག དེ་ལྟར་གངས་ཅན་མཁས་པའི་མེས་པོ་ཐོན་མི་སམ་བྷོ་ཊ་ནི་བོད་ཀྱི་ཡི་གེ་གསར་སྐྲུན་བྱེད་མཁན་ཡིན་པར་མ་ཟད། སུམ་རྟགས་སོགས་ཕུལ་དུ་བྱུང་བའི་བསྟན་བཅོས་དུ་མ་གསར་དུ་རྩོམ་མཁན་གྱི་ཁྱད་པར་འཕགས་པའི་རྩོམ་པ་པོ་དང་། བཀའ་བསྟན་དུ་མ་བོད་ལ་ཐོག་མར་བསྒྱུར་མཁན་གྱི་ལོ་ཙཱ་བ་ཆེན་པོ་བཅས་ཡིན་པས། མེས་རྒྱལ་གྱི་མདོ་དབུས་མཐོ་སྒང་དུ་ཤེས་རིག་དར་རྒྱས་བྱུང་བ་ནི་ལོ་ཙཱ་བ་ཆེན་པོ་འདིའི་བཀའ་དྲིན་ཡིན་པ་གདོན་མི་ཟ། འདིར་ཕྲན་ཆུང་བདག་དང་བདག་ལྟ་བུའི་ཡན་ལས་བརྒལ་བའི་རྣམ་དཔྱོད་དང་ལྡན་པའི་མཁས་པ་དང་སློབ་དཔོན་ཆེན་མོ་རྣམས་ཀྱིས་འདི་དག་བཏང་སྙོམས་སུ་མི་འཇོག་པར་དཔྱད་པར་འཚལ་ཞེས་སྙིང་ནས་ཞུ་བའོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1