༄༅།།སྐད་ཡིག་སློབ་ཁྲིད་སྐབས་ཀློག་ལ་ཤུགས་སྣོན་རྒྱག་པའི་གལ་འགངས་སྐོར་རགས་ཙམ་གླེང་བ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 07-11


དཔེ་དེབ་ཀློག་པ་ནི་མི་ཚེ་ཧྲིལ་པོའི་ནང་དུ་སྒྲུབ་དགོས་པའི་ལས་འགན་ཞིག་ཡིན་ལ། དབྱར་གྱི་ཆུ་བོ་རྒྱུགས་པ་ལྟར་ཟམ་མི་ཆད་པར་ལྟ་ཀློག་བྱེད་དགོས་པ་མ་ཟད་དཔེ་དེབ་གང་མང་ལྟ་དགོས། དེའང་ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཅེས་གསུངས་པར་ལྟར་ཐོས་པ་གསོག་རྒྱུ་གལ་ཆེན་པོ་ཡིན་པ་བསྟན་པ་བཞིན་ཐོས་པ་གསོག་རྒྱུ་ནི་དཔེ་ཀློག་བྱ་རྒྱུ་ཡིན་ཞིང་། དཔེ་དེབ་ལྟ་ཀློག་ཀྱང་ཐོས་པ་གསོག་རྒྱུ་ལས་མ་འདས་པས་དེ་གཉིས་ཕན་ཚུན་བྲལ་ཐབས་མེད་པ་ཡིན།

དང་པོ། ཡི་གེ་ལེགས་པར་ཀློག་མི་ཐུབ་པའི་སྐྱོན།

མི་ཞིག་གི་དཔེ་དེབ་ཀློག་འདོན་བྱས་ཀྱང་བཀླག་པའི་སྐབས་སུ་སྒྲ་མ་དག་པར་ཀློག་པ་སྟེ་ལྡབ་ལྡིབ་ཏུ་ཀློག་པ་དང་། གཅོད་མཚམས་ནོར་ནས་ཀློག་པ་དཔེར་ན། ལྷམ་ཡང་སེ་འབུད་འགྲོ་ཞིང་ཞེས་པ་ལྟ་བུ། ལྷམ་ཡང་ སེ་འབུད་ འགྲོ་ཞིང་ཞེས་པར་བཀླགས་ན་དོན་གང་ཡང་གོ་རྒྱུ་མེད་པ། མིང་ཚིག་དང་བྱ་ཚིག་ཁྱད་མེད་དུ་ཀློག་པ་དཔེར་ན། ཐག་པ་ཆད་པ། ཆད་པ་གཏོང་རྒྱུ་ཞེས་ལྟ་བུ། དེ་བཞིན་སྒྲ་དྲག་ཞན་གྱི་དབྱེ་བ་མེད་པར་འདྲ་མཉམ་དུ་ཀློག་པ་སོགས་ཀློག་སྟངས་ནོར་བ་མང་བ་དང་། སྔོན་འཇུག་གི་རྐྱེན་བྱས་ནས་མིང་གཞིའི་སྒྲ་འགྱུར་བ་མ་ཤེས་པར་ཀློག་པ། མགོ་ཅན་གྱི་རྐྱེན་བྱས་ནས་མིང་གཞིའི་ཡི་གེའི་སྒྲ་འགྱུར་བ་མ་ཤེས་པར་ཀློག་པ། ཁ་སྐད་ལང་དུ་ཤོར་ནས་འདྲེན་ཀློག་མང་བ། དཔེར་ན། ཚིག་ཁྱིམ་གོང་མར་རྗེས་འཇུག་མེད་སྐབས་ཚིག་ཁྱིམ་གོང་མར་ཚིག་ཁྱིམ་ཕྱི་མའི་སྔོན་འཇུག་དེ་ཚིག་ཁྱིམ་གོང་མའི་རྗེས་འཇུག་ལ་ཀློག་པ་སྟེ། བཞི་བཅུ་ལ་ཞིབ་ཅུ། ཨ་མདོ་ལ་ཨམ་དོ། ཁེ་བཟང་ལ་ཁེབ་བཟང་ལྟ་བུ་ཚིག་ཁྱིམ་སྔོན་མས་ཚིག་ཁྱིམ་རྗེས་མའི་སྔོན་འཇུག་དྲངས་ནས་ཀློག་པ་ཡང་ཁ་སྐད་དུ་མང་དུ་མཐོ་ཞིང་། ཁ་སྐད་དེ་རིགས་ཡི་གེར་ཕབ་སྐབས་ནོར་ཆ་མང་བ་ནི་ཀློག་སྟངས་ནོར་བ་ལས་བྱུང་བ་ཡིན། ཀློག་སྐྱོན་དེ་རིགས་ཀྱིས་དོན་ལ་འཁྲུལ་བ་བྱུང་བ་དང་དག་ནོར་མང་དུ་ཐོན་པ། སྦྱང་འབྲས་ཞན་པ་སོགས་ཀྱི་སྐྱོན་ཆ་ཤིན་ཏུ་མང་བས། ཆུང་དུས་ནས་ཀློག་ལ་འབད་པ་ལྷོད་མེད་བྱ་དགོས་པར་འདུག

གཉིས་པ། ཡང་དག་པར་བཀླགས་པའི་དགེ་མཚན་དང་ཀློག་ཇི་ལྟར་བྱེད་ཐབས།

ནོར་འཁྲུལ་ཡེ་ནས་མེད་པར་ཀློག་ཐུབ་པ་དང་། ཚད་དང་ལྡན་ཞིང་མྱུར་ལ་དག་པའི་སྒོ་ནས་བཀླགས་ན། ད་གཟོད་རྩོམ་ཡིག་ཅི་འདྲ་ཞིག་ཡིན་རུང་། དེའི་དོན་ཐམས་ཅད་རང་དགར་རྟོགས་པ་དང་རྩོམ་པ་པོའི་བསམ་བློའི་ལྟ་བ་དང་། འཆར་ཡན། མཛེས་རྟོག་འདོད་འདུན་སོགས་ཤེས་ཐུབ་ལ་རང་ཉིད་ཀྱི་རྩོམ་རྩལ་ཇེ་ལེགས་སུ་འགྲོ་བ་དང་། རང་གི་བསམ་ཚུལ་མཐའ་དག་རྩོམ་ཡིག་གི་ལམ་ནས་གཞན་ལ་བརྒྱུད་སྤྲོད་ཐུབ་པ། རང་གི་ལྟ་བ་གསལ་པོར་མཚོན་ནུས་པ་སོགས་ཀྱི་དགེ་མཚན་དུ་མས་རྨད།   སློབ་མ་སློབ་གྲྭར་ཞུགས་མ་ཐག་ནས་ཀློག་ལ་དམ་འཛིན་བྱེད་དགོས་ཤིང་། རྟ་གཅིག་ཡིན་ན་རྟེའུ་ནས་གསོས། མི་ཞིག་ཡིན་ན་ཆུང་ནས་གསོ་ཞེས་པ་ལྟར་ཆུང་དུས་ནས་དམ་འཛིན་བྱེད་དགོས་པ་ཞིག་ཡིན། ལོ་ན་རྒས་པའི་དུས་སྐབས་སུ་གཞི་ནས་ཀློག་ལ་སྦྱོང་བ་ནི་འཚིག་པའི་ས་བོན་བཏབ་ནས་འབྲས་བཟང་ཡོང་བའི་རེ་བ་བཞིན་འོ་བརྒྱལ་ཆེ་ཞིང་དོན་གོ་ཆུང་། ཁ་ཆེ་ཕ་ལུའི་བསླབ་བྱ་ལས་ལྕང་གསར་གཞོན་དུས་འདྲོང་ན་འདྲོང་པ་རེད། ལྕང་རྒན་སྲོང་སྲོང་མང་ན་ཆགས་པའི་ཉེན་ཞེས་གསུངས་པ་ལྟར་ཆུང་དུས་ནས་འགོ་བརྩམས་ཏེ་ནོར་སྐྱོན་མེད་པའི་ཀློག་གི་གོམས་གཤིས་བཟང་པོ་ཞིག་གསོ་སྐྱོང་བྱེད་དགོས།  《སྐད་ཡིག་བསླབ་ཚན་གྱི་ཚད་གཞི》ལས་བསླབ་ཚན་གྱི་སྤྱིའི་དམིགས་ཚད་གཏན་འཁེལ་བྱས་ཡོད་པ་སྟེ། “དབྱངས་དང་གསལ་བྱེད། མགོ་ཅན་དང་འདོགས་ཅན། བརྩེགས་ཡིག སྔོན་རྗེས་ཡང་གསུམ་བཅས་ངོས་བཟུང་སྟེ། དེ་དག་གི་སྒྲ་ཡི་འཇུག་ཚུལ་ཤེས་ཤིང་སྒྲ་དག་ཅིང་གཅོད་མཚམས་འགྲིག་པའི་སྒོ་ནས་སློབ་ཚན་ཀློག་དགོས་པ་དང་། མགྱོགས་ཚད་ངེས་ཅན་ཞིག་ཡོད་དགོས། རྒྱུན་སྤྱོད་མིང་དང་ཡི་གེ་3200ནས་3800ཡི་དག་ཆ་ཤེས”དགོས་པའི་རེ་བ་བཏོན་ཡོད།   ༡. སློབ་རིམ་དང་པོ(ལོ་རིམ་དང་པོ་དང་གཉིས་པ)ནས་འགོ་བཙུགས་ཏེ་བྱེ་བྲག་གི་དམིགས་ཚད་གཏན་འཁེལ་བྱས་ཡོད། སློབ་རིམ་དང་པོ་ནས་དབྱངས་དང་། གསལ་བྱེད། སྔོན་རྗེས་ཡང་གསུམ། མགོ་ཅན། འདོགས་ཅན། བརྩེགས་ཡིག་བཅས་ངོས་ཟིན་པ་བྱེད་པ་ལ། དགེ་རྒན་གྱིས་དལ་ལྷོད་རན་པོས་སྦྱོར་ཀློག་དང་སྡུད་ཀློག་ཟུང་སྦྲེལ་གྱི་སྒྲ་དག་པོར་བཀླགས་ཏེ་སློབ་མ་ཚོར་ལད་མོ་བྱེད་དུ་འཇུག་པ་དང་ཆབས་ཅིག མཛུབ་འདེད་གཏོང་སྟངས་ཤེས་སུ་འཇུག་དགོས། སློབ་མ་ཚོས་ཡི་གེ་ཀློག་སྐབས་གང་ཀློག་བཞིན་ཡོད་པ་དང་། བཀླག་བྱ་གང་ཡིན་པ་མིག་འོག་ནས་བྲལ་དུ་མི་འཇུག་པར་ད་ལྟ་གང་ཀློག་གིན་ཡོད་པ་གསལ་པོར་ཤེས་པའི་འོག་ཁ་ནས་སྐད་ཤུགས་ཆེ་ཙམ་གྱིས་ཡང་ནས་ཡང་དུ་ཀློག་དགོས། སློབ་མ་འགའ་ཤས་དགེ་རྒན་ལ་ལད་མོ་བྱས་ནས་ཀློག་བཞིན་ཡོད་ཀྱང་མིག་ཡི་གེར་མི་ལྟ་བ་དང་། མཛུབ་མོ་ཡི་གེར་མི་འཛུགས་པ་སོགས་ཁ་གཡེང་མིག་གཡེང་བྱེད་པའི་གོམས་གཤིས་ངན་པ་དེ་རིགས་རྒྱ་ཡན་དུ་སོང་ན་རིམ་བཞིན་རྗེས་ལུས་ཅན་དུ་འགྱུར་འགྲོ་བས་དགེ་རྒན་གྱིས་སློབ་ཁྲིད་སྐབས་ངེས་པར་དུ་སློབ་མ་ཚང་མར་གཟིགས་ཐུབ་པའི་སྤྱན་བཟང་ཞིག་ཡོད་དགོས་ལ། སློབ་མ་རེ་རེ་ནས་དམ་འཛིན་བྱེད་ཐུབ་པའི་འཇོན་ཐང་ཞིག་ངེས་པར་དུ་ཡོད་དགོས། རྒྱུན་སྤྱོད་ཀྱི་མིང་བརྡ་800ཡས་མས་ཀྱི་དག་ཆ་ཤེས་དགོས་སྟབས་དག་ཆ་སྦྱོང་རྒྱུ་ཡང་གལ་ཆེ་བ་ཡིན།  མདོར་བསྡུས་ན་ཀློག་པ་དང་། འབྲི་བ། བློ་འཛིན་བཅས་ཀྱི་ཐབས་ལམ་སྤྱད་ནས་བཀླག་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་བརྟེན། དགེ་རྒན་གྱིས་འཁྲུལ་བ་མེད་པར་ཀློག་སྐབས་སློབ་མས་ཡང་སྐོར་བསྐྱར་སྐོར་དུ་ལྡབ་ལྡིབ་མེད་པ་དང་འཁོན་ཐོགས་མེད་པར་ལད་མོས་བཀླགས་རྗེས། དེ་མུར་ཁོག་འདོན་བྱེད་སྟངས་སློབ་སྦྱོང་བྱས་ཏེ་སྒྲ་མི་འབྱིན་ཞིང་མཛུབ་མོས་འདེད་ནས་ངག་ཀློག་དང་ཁོག་ཀློག་གི་ཐབས་སྤྱད་དེ་རི་མོའི་འོག་གི་མིང་བརྡ་ཐམས་ཅད་བློ་ལ་ངེས་ཐུབ་པ་བྱེད་དགོས།  སློབ་རིམ་འདིའི་ནང་སློབ་གཞིའི་ནང་གི་ངེས་དགོས་པའི་མིང་བརྡ་དང་ཚིག་ཐམས་ཅད་དགེ་རྒན་གྱིས་དཔོད་བྲིས་གཏོང་དགོས་པ་དང་། དག་ནོར་ཅི་མཆིས་བསྐྱར་དུ་སྦྱངས་ནས་ངག་བྲིས་ཐུབ་པའི་ཚད་ལ་སླེབས་ཐུབ་པ་དགོས། ༢.སློབ་རིམ་གཉིས་པ(ལོ་རིམ་གསུམ་པ་དང་བཞི་པ)ནས་གོང་གི་བཀླག་ཐབས་ཁག་ཚུད་པའི་རྨང་གཞིའི་འོག་སྒྲ་གསལ་ཞིང་དག་ལ་ཚིག་གི་གཅོད་མཚམས་འགྲིག་པ། གོང་འོག་གི་ཚིག་དང་འབྲེལ་ནས་མིང་དང་ཚིག དུམ་མཚམས། སློབ་ཚན། གཏམ་དཔེ། དམངས་གཞས། ཚིག་བཅད་སོགས་སློབ་གཞིའི་ནང་འཁོད་པ་ཚང་མ་མྱུར་ལ་བདེ་བའི་སྒོ་ནས་ངག་ཀློག་དང་ཁོག་ཀློག གྱེར་ཀློག སྒེར་ཀློག་སོགས་ཀྱི་ཐབས་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པར་ཀློག་ཐུབ་པར་དམ་འཛིན་ནན་པོ་བྱེད་དགོས། སློབ་རིམ་འདིའི་ནང་མུ་མཐུད་ནས་དགེ་རྒན་གྱིས་སྦྱོར་སྡུད་ཟུང་སྦྲེལ་གྱིས་བཀླགས་ཏེ་སློབ་མ་ཚོས་ལད་མོ་བྱས་ནས་ཀློག་རྒྱུན་འཁྱོངས་བྱེད་དགོངས་པ་དང་། སློབ་མ་ཚོས་ཀློག་ཞོར་དུ་དགེ་རྒན་གྱི་ཀློག་སྐབས་གང་དུ་མཚམས་བཞག་མིན་ལ་གཞིགས་ནས་གཅོད་མཚམས་ཀྱི་རྟགས་རྒྱག་དགོས་ལ། དགེ་རྒན་གྱིས་ཀློག་གིན་ཀློག་གིན་དུ་སློབ་མ་ཚོས་གཅོད་མཚམས་ལ་རྟགས་བརྒྱབ་པ་རྣམས་འགྲིག་ཡོད་མེད་ལ་མིག་བཤེར་རྒྱག་དགོས།  སློབ་རིམ་འདིའི་ནང་དཔོད་བྲིས་མཚམས་བཞག་ནས་ངག་བྲིས་བྱེད་པའི་བྱེད་སྒོ་གང་མང་སྤེལ་དགོས། ངག་བྲིས་ཞེས་པ་ནི་དགེ་རྒན་དང་གཞན་གྱིས་ཀློག་མི་དགོས་པར་སློབ་མ་རང་ཉིད་ཀྱི་བློ་རུ་ངེས་པ་རྣམས་ཤོག་ཐོག་ཏུ་འབྲི་རྒྱུ་ཞིག་ཡིན་པས་སྔོན་འགྲོའི་ཆ་རྐྱེན་ཁག་ལེགས་གྲུབ་བྱས་ཟིན་པ་དགོས་ཀྱི་ཡོད། དེ་ནས་སློབ་མ་རང་ངོས་ནས་ཁོམ་པ་བཙལ་ནས་ངག་བྲིས་མ་བྱས་གོང་དུ་ཁྱིམ་དུ་ཀློག་ནའང་འདྲ་། བར་གསེང་དུ་ཀློག་ནའང་འདྲ་གང་ལྟར་ངག་བྲིས་བྱེད་ཐུབ་པའི་ཆེད་དུ་གྲ་སྒྲིག་ལེགས་པར་བྱེད་དགོས་པ་ཡིན། དེ་ལ་བརྟེན་ནས་སློབ་མའི་ཀློག་གི་ནུས་རྩལ་གོང་མཐོར་གཏོང་ཐུབ།  སློབ་རིམ་འདིའི་ནང་མཛུབ་འདེད་དོར་ནས་ཀློག་དགོས་པ་ དང་དབུ་ཅན་གྱི་གཟུགས་རྣམས་ངེས་པར་དུ་ངོས་འཛིན་ཐུབ་པ་བྱེད་དགོས། དབུ་ཅན་ནས་བྲིས་པའི་སྙན་ཞིང་འཇེབས་པའི་མིང་བརྡ་དང་། རྨད་དུ་བྱུང་བའི་ཚིག་སྦྱོར་། སློབ་ཕྱིའི་ལྟ་ཀློག་སོགས་གྱེར་འདོན་དང་རགས་ཀློག་བྱེད་པར་ཐབས་སྣ་ཚོགས་སྤྱད་ནས་སྦྱོང་བརྡར་སྤྲོས་དགོས་ཤིང་། མ་མཐར་ཡང་ཚིག་ཁྱིམ་ཁྲི་20ཀློག་ཐུབ་པ་དགོས།  ༣.སློབ་རིམ་གསུམ་པ(ལོ་རིམ་ལྔ་པ་དང་དྲུག་པ་)འདིའི་ནང་གསལ་ཞིང་དག་ལ་སྙན་ཞིང་མྱུར་བའི་སྒོ་ནས་སློབ་ཚན་གྱེར་ཀློག་ཐུབ་བྱེད་དགོས་པས་དགེ་རྒན་གྱིས་བཀླགས་ནས་སློབ་མར་ཁྲིད་སྟོན་བྱེད་པ་དང་སློབ་མས་ཀློག་སྐབས་ནོར་འཁྲུལ་ཆད་ལྷག་བྱུང་ཚེ་འཕྲལ་དུ་ཡོ་བསྲང་བྱེད་དགོས་པ། སྐར་མ་གཅིག་ལ་ཉུང་ཤོས་ལའང་ཚིག་ཁྱིམ་200ཀློག་ཐུབ་མིན་གྱི་རྒྱུགས་སྤྲོད་རྩིས་ལེན་གྱི་བྱེད་སྒོ་ཡང་ནས་ཡང་དུ་སྤེལ་དགོས། དེ་བཞིན་དུ་དགེ་རྒན་གྱིས་སློབ་མ་རེ་རེ་བཞིན་སློབ་ཚན་མི་འདྲ་བར་ངེས་མེད་དུ་དུམ་མཚམས་རེ་རེ་ཀློག་ཏུ་བཅུག་སྟེ་ཀློག་གི་དམིགས་ཚད་སྒྲུབ་ཡོད་མེད་རྒྱུགས་ལེན་དགོས།  ཁོག་འདོན་དང་གྱེར་ཀློག བློ་འཛིན་མིག་བཤེར་རྒྱག་སྟངས། ངག་བྲིས་སོགས་ཀྱི་བྱེད་སྒོ་མང་ཙམ་སྤེལ་ནས་ཀློག་ལ་བྱང་བ་ཞིག་ཡོང་བ་བྱས་ཏེ་དུས་ཚོད་ཐུང་ཐུང་ནང་དཔེ་དེབ་མང་པོ་བལྟ་ཐུབ་པའི་མཐུན་རྐྱེན་སྦྱོར་དགོས།  སློབ་རིམ་འདིའི་ནང་མིང་མཛོད་ནས་ཡི་གེ་འཚོལ་སྟངས་བསླབ་དགོས་པ་སྟེ་མིང་གཞི་30དང་། སྔོན་འཇུག་5 རྗེས་འཇུག་10 མགོ་ཅན་3 འདོགས་ཅན་4 དབྱངས་4བཅས་ཀྱི་ཡི་གེའི་གྲུབ་ཚུལ་དང་གོ་རིམ་ཇི་ལྟར་བསྒྲིགས་ཡོད་པ་ལ་བལྟས་ཏེ་མིང་བརྡ་འཚོལ་སྟངས་སློབ་ཁྲིད་བྱེད་དགོས།  མདོར་ན། དགེ་རྒན་གྱིས་ཀློག་པ་དང་བསྟུན་ནས་སློབ་མ་ཚོས་ལད་མོ་བྱས་ནས་ཀློག་པ་དང་། མཉམ་དུ་ཀློག་པ། ཚོགས་ཆུང་ཁག་བགོས་ཀྱིས་ཀློག་པ། སྒེར་ཀློག གྱེར་ཀློག ཁོག་ཀློག མྱུར་ཀློག རགས་ཀློག་སོགས་སླ་བ་ནས་དཀའ་བའི་བརྒྱུད་རིམ་ལྟར་ཀློག་ལ་ཟམ་མི་ཆད་པར་སྦྱོང་བརྡར་སྤྲོས་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1