གནའ་རབས་ཀྱི་ཆའང་དབྱངས་སྙན་མོ། །ལོ་རྒྱུས་ཀྱི་ཕྱིར་དྲན་རིང་མོ། །

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 07-11


        《སྤྲིན་རུམ་གྱི་འབོད་སྐུལ》ཞེས་པ་ནི་སི་ཁྲོན་སྒྱུ་རྩལ་ཐེབས་རྩས་2022ལོའི་སྒྱུ་རྩལ་གསར་རྩོམ་གྱི་རོགས་དངུལ་རྣམ་གྲངས་ཤིག་ཡིན་ལ། ས་གནས་རིག་གནས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་སྟེ། སྔོན་ཐོན་གྱི་མཐོང་ཐོས་མཚོན་ཐབས་ལེགས་པར་སྤྱད་ནས། ཆའང་རིགས་ཀྱི་རིག་གནས་ནང་དོན་ཇི་མ་ཇི་བཞིན་དུ་མཚོན་པར་འབད་ཅིང་། གཉུག་མའི་ཆའང་རིགས་ཀྱི་རིག་གནས་དེ་རྣམ་པ་ནས་དོན་བརྗོད་ཐད་དུ་གསར་ཉམས་ཤིག་དོད་པར་རེ་བ་ཆེ་བས། གསར་རྩོམ་གྱི་སྔོན་མ་ནས་བཟུང་། 《སྤྲིན་རུམ་གྱི་འབོད་སྐུལ》ལ་སྒྱུ་རྩལ་གྱི་མཐོ་ཚད་དང་རིག་གནས་ཀྱི་ཟབ་ཚད་ཐད་འབད་པ་རྩེ་གཅིག་ཏུ་བྱས་འདུག

        འཁྲབ་གཞུང་དེ་ནི《གནའ་རབས》དང་《ཁ་སང་》《དེ་རིང་》བཅས་ལེའུ་གསུམ་དུ་ཕྱེས་ཏེ་ཆའང་རིགས་ཀྱི་རིག་གནས་ལེགས་པར་མཚོན་ཡོད། གཟིགས་མོ་བ་ལ་ལས་གར་སྟེགས་ཀྱི་སྒྱུ་རྩལ་འཁྲབ་གཞུང་ལ་ཚེ་སྲོག་གི་གནས་ལུགས་རྣལ་མ་ལྡན་པས།  ལོ་རྒྱུས་རིང་བའི་རིག་གནས་གང་ཞིག་ཡིན་ཡང་འདི་དང་འདྲ་བར་ཚན་པ་གསུམ་གྱི་རིག་ལམ་ལྟར་བགར་ན་འགྲིག ཕར་བལྟས་ན་སླ་མོ་ཞིག་ཏུ་སྣང་ཡང་། ཆའང་རིགས་ཀྱི་རིག་གནས་ཚད་མཐོ་ཞིང་གནད་ལ་ཐིངས་པར་མཚོན་ཡོད། དེ་ནི་གསར་རྩོམ་མཁན་གྱི་གར་སྟེགས་སྒྱུ་རྩལ་འཁྲབ་གཞུང་གསར་རྩོམ་གྱི་ཐོད་བརྒལ་ཞིག་ཀྱང་མ་ཡིན་ནམ་ཞེས་བཤད།

        གླུ་གར་ཚོགས་པར་གསར་རྩོམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པས་རིག་གནས་ཀྱི་མཐོ་ཚད་ཐད་ནས་འཚོལ་ཞིབ་བྱས་ཡོད་དེ། འཁྲབ་གཞུང་འདི་ཡི་མགོ་གླེང་ས་ནི་མཚན་ཉིད་རིག་པའི་དྲི་བ་ཞིག་སྟེ། ང་ཚོ(ཆའང་རིགས)གང་ནས་ཐོན་ཞེས་པའི་དྲི་བ་ཞིག་ཡིན་ལ། དྲི་གཞི་སླ་མོ་འདི་ལྟ་བུ་ཞིག་ལ་མི་རིགས་ཤིག་གིས་འཚོལ་ཞིབ་དང་སྲུང་སྐྱོང་། རྒྱུན་འཛིན། གོང་སྤེལ་བྱེད་པའི་དྲི་གཞི་རབ་དང་རིམ་པ་འདུས་ཡོད། དེ་བས། མི་རིགས་ཀྱི་ལོ་རྒྱུས་གླེང་བ་ལ《སྤྲིན་རུམ་གྱི་འབོད་སྐུལ》ནི་ལོ་རྒྱུས་ཀྱི་ཕྱིར་དྲན་རིང་མོ་ཞིག་དང་འདྲ་ལ།   ཕ་མེས་ཡང་མེས་རྣམས་གནས་གང་སར་སྤོར་བའི་གོམ་ཚད་ཀྱིས་ལོ་ཟླ་ཡིས་འགྱུར་བག་གཞལ་ཡོད་ལ། གནའ་རབས་ཀྱི་རིག་གནས་ལ་བརྟེན་ནས་དེང་རབས་ཀྱི་སྙིང་སྟོབས་བསྐྱེད་ཡོད།

        གཟིགས་མོ་བ་མི་འདྲ་བ་ལ་ལྟ་ཚུལ་ཡང་མི་འདྲ་བ་ཡོད། གཟིགས་མོ་བ་ལ་ལས་གར་སྟེགས་ཀྱི་མི་ཕལ་བའི་ལས་དབང་ལ་མཐོང་ཆེན་བྱས་ཏེ། ཁོ་ཅག་གི་དགའ་སྐྱོ་ཆགས་སྡང་དང་སྐྱེ་རྒ་ན་འཆི། འགྲོ་འོང་འདུ་བྲལ་སོགས་ཀྱིས་སེམས་འགུལ་དྲག་པོ་ཐེབས་ཡོད། གཟིགས་མོ་བས་གནའ་རབས་སམ་ཡང་ན་དེང་རབས་གང་ཡིན་ཡང་མི་རེ་རེའི་ལས་དབང་ནི་དུས་རབས་ཤིག་ལ་ཤ་འདྲེས་ལྤགས་འདྲེས་སུ་སོང་ཡོད། དེ་ནི་སྒྱུ་རྩལ་གསར་རྩོམ་གྱི་བརྗོད་སྙིང་འགྱུར་དུ་མེད་པ་ཞིག་ཡིན་ལ། མི་རིགས་དང་མི་སྒེར་བར་གྱི་འབྲེལ་བར་བསམ་གཞིག་གཏོང་དུ་འཇུག དེ་ནི《སྤྲིན་རུམ་གྱི་འབོད་སྐུལ》གྱི་སྤྱི་ཚོགས་དོན་སྙིང་ཡང་རེད།

        ཆའང་རིགས་ཀྱི་སྒྱུ་རྩལ་ཇི་མ་ཇི་བཞིན་འདི་ལས་གཟིགས་མོ་བའི་ཡིད་དབང་ལྷག་ཏུ་འཕྲོག་ཡོད། ཆའང་གླིང་དང་ཀོ་ཁྲབ་བྲོ། སྲིད་པའི་གྱེར་གཞུང་། ར་ལྤགས་རྔ་སོགས་ཆའང་རིགས་ཀྱི་རོལ་ཆས་དག་གི་བྱེད་ནུས་ཀུན་ནས་མཚོན་པར་མ་ཟད། ད་རུང་རྒྱན་གོས་དང་སྐད་ཆ། ཆའང་རིགས་ཀྱི་ལོ་གསར། མེ་ཕུང་། གཉེན་སྟོན། སྤྲོ་གསེང་། ཆའང་རིགས་ཀྱི་འཚེམ་དྲུབ་སོགས་ཡུལ་སྲོལ་དམངས་སྲོལ་ཡང་ལེགས་པར་མཚོན་འདུག གར་སྟེགས་ཀྱི་འཁྲབ་ཚན་རེ་རེ་ནི་ལོ་རྒྱུས་ཀྱི་བསྐྱར་ཟློས་ཐེངས་ཤིག་ཏུ་སྣང་ལ། ཆའང་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལོ་རྒྱུས་མ་ལུས་པར་བསྟན་འདུག

        2018ལོ་ནས་ད་བར་དུ།  རྔ་བ་ཁུལ་མི་རིགས་གླུ་གར་ཚོགས་པས་གར་སྟེགས་ཀྱི་འཁྲབ་གཞུང་ཐད་སྒྱུ་རྩལ་གྱི་འཁྲབ་སྟོན་ལས་གཞན་ད་དུང་དེ་ལས་གཏིང་ཟབ་པའི་གསར་རྩོམ་གྱི་རིན་ཐང་འཚོལ་ཞིབ་བྱས་ཏེ། 《རལ་བའི་རྣམ་ཤེས》 《ནོར་གནག་གི་གསར་བརྗེ》སོགས་ལས་ལོ་རྒྱུས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་དུ་གསོན་ཉམས་ལྡན་པར་མཚོན་ཞིང་། སྒྱུ་རྩལ་གྱི་མཛེས་དཔྱོད་རིན་ཐང་ཞིག་ཀྱང་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་གར་གྱི་སྟངས་སྟབས་རེ་རེར་ཁྱབ་འདུག 2023ལོའི་ཟླ་4བའི་ཟླ་དཀྱིལ་དུ། རྔ་བ་ཁུལ་མི་རིགས་གླུ་གར་ཚོགས་པས་ཆའང་རིགས་ཀྱི་རིག་གཞུང་འཁྲབ་གཞུང་ཐུང་གྲས《སྤྲིན་རུམ་གྱི་འབོད་སྐུལ》འཁྲབ་སྟོན་བྱས་ཏེ། གར་སྟེགས་འཁྲབ་གཞུང་གི་རིག་གནས་སྙིང་བོ་སྔས་ལས་ཆེ་རུ་མཚོན་ཞིང་། གཟིགས་མོ་བ་ལྷན་རྒྱས་ལ་མི་རིགས་ཤིག་གི་ལོ་རྒྱུས་སྙན་ངག་གི་དཔེ་རིས་ཤིག་གསོན་ཉམས་ལྡན་པར་བཤམ་སྟོན་བྱས།

        འཁྲབ་ཁྲིད་པ་ཡུས་ལེ་གཞི་རིམ་དུ་བཅར་འདྲིར་སོང་དུས། ཆའང་རིགས་ཀྱི་རིག་གནས་ཉམས་དམས་སུ་འགྲོ་ཉེན་ཆེ་བར་འདོད། ཁོས་ཆའང་རིགས་ཀྱི་བགྲེས་པོ་ཞིག་གིས་རྒྱུན་འཛིན་པ་མེད་པས་རང་ཉིད་ཚེ་ལས་འདས་དུས་སེམས་ཀྱིས་གཅེས་པའི་ར་ལྤགས་རྔ་ཡང་བེམ་རོ་དང་མཉམ་དུ་བསྲེག་ན་འདོད་ཡོད་ཅེས་པ་ཐོས། གཏམ་འདི་ལས་ཡུས་ལེ་ལ་དྲན་སྐུལ་ཟབ་མོ་ཐེབས་ཏེ། ཡུས་ལེ་ཡིས་ལས་འགན་ལྗིད་མོ་ཕྲག་ཏུ་ཁུར་ཅིང་། ལོ་ངོ་གཉིས་རིང་ལ་ཚོགས་པ་དང་མཉམ་དུ་རྔ་བ་ཁུལ་གྱི་ཆའང་སྡེ་རེ་རེར་འགྲིམ་ནས་འཚོལ་ཞིབ་དང་སྔོག་འདོན་བྱས་ཏེ། གར་སྟེགས་སྒྱུ་རྩལ་གྱི་རྣམ་པས་འདི་ལྟར་གསར་གཏོད་དང་རྒྱུན་འཛིན་བྱས་པ་རེད། མ་གཞི། རིག་གནས་ཤིག་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བྱེད་པ་ནི་མི་རེ་གཉིས་ཀྱིས་འགྲུབ་པ་ཞིག་མིན་པས། ཆའང་རིགས་ཀྱི་རིག་གནས་ལ་མཚོན་ན། འདི་ནི་འཛིན་སྐྱོང་གི་གོམ་པ་དང་པོ་སྤོས་པ་ཙམ་ཡིན། མཐར་གཏུགས་ན་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བརྒྱུད་སྤྲོད་བྱས་ན་མི་རིགས་ཤིག་དང་ས་གནས་ཤིག་གི་རིག་གནས་དང་ལོ་རྒྱུས་ཡུན་རིང་དུ་གནས་ཐུབ་ལ། དེ་ནི་མྱུར་སྐྱོབ་དང་འཛིན་སྐྱོང་གི་དོན་སྙིང་ཡང་རེད།

        རྔ་བ་ཁུལ་མི་རིགས་གླུ་གར་ཚོགས་པ་ནི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བགྲོད་ལམ་དུ་ནམ་ཡང་ཞུགས་འདུག ད་ཐེངས་གྲོང་ཁྱེར་ཁྲེང་ཏུའུ་ནས་སྤེལ་བའི་རིག་གནས་ཀྱི་བཤམས་སྟོན་ཆེན་པོ་འདི་ཡང་གསར་གཏོད་ཅིག་གི་འཚོལ་ཞིབ་དང་སྙིང་སྟོབས་ཡིན། འཁྲབ་སྟོན་མཇུག་བསྒྲིལ་རྗེས། ཚོགས་གཙོ་ཝང་ཝུན་ཧྥང་གིས་རྔ་བ་ཁུལ་ནི་ཆའང་རིགས་རིག་གནས་ཀྱི་ལྟེ་གནས་ཤིག་ཡིན་ལ། ཆའང་རིགས་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་མངའ་ཁོངས་གཙོ་བོའང་ཡིན་པས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གྱི་མཛུབ་སྟོན་འོག ང་ཚོས་མི་རིགས་ཤིག་གི་རིག་གནས་དང་ལོ་རྒྱུས། སྒྱུ་རྩལ་བཅས་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། ཆའང་རིགས་ཀྱི་རིག་གནས་ནམ་ཡང་ཕུན་སུམ་ཚོགས་པོར་གནས་ཐུབ་པར་འབད་ཁོ་ཐག་ཡིན་ཞེས་བཤད།

        གཞི་རིམ་གྱི་སྒྱུ་རྩལ་མཐུན་ཚོགས་ཤིག་གི་ཆ་ནས། རྔ་བ་ཁུལ་མི་རིགས་གླུ་གར་ཚོགས་པར་མི་རིགས་ཤིག་གི་ཐུན་མིན་རིག་གནས་སྒྱུ་རྩལ་བརྩམས་ཆོས་གསར་རྩོམ་བྱེད་པར་ས་བབ་ཀྱི་དགེ་མཚན་རང་ཆས་སུ་མངའ། ཚོགས་པའི་ནང་གི་རང་སའི་འཁྲབ་སྟོན་པ་ན་ཆུང་དུས་ནས་བོད་ཆའང་ལུང་པ་ནས་ལག་ཆགས་ཤིང་། མི་རིགས་རིག་གནས་ཉིང་བཅུད་ཀྱིས་གསོས་ཤིང་བསྐྱངས་ཡོད་པས། ཆའང་རིགས་ཀྱི་རིག་གནས་ལ་རྒྱུས་ལེན་སླ། 《སྤྲིན་རུམ་གྱི་འབོད་སྐུལ》ནི་རང་སའི་འཁྲབ་སྟོན་པས་རྔུལ་ཁྲག་མང་དུ་བཏོན་པའི་འབྲས་བུ་རླབས་པོ་ཆེ་ཞིག་རེད། 《སྤྲིན་རུམ་གྱི་འབོད་སྐུལ》ནི་ཞིང་ཆེན་ཡོངས་ཀྱི་ལོ་ན་ཆེས་གཞོན་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་ཁྲིད་པ་ཡུས་ལེས་འཁྲབ་ཁྲིད་བྱས་ཤིང་། གསར་རྩོམ་ཚོགས་པ་ཕལ་ཆེ་བ་ནི་1980ལོ་དང་1990ལོའི་རྗེས་ཀྱི་རིག་རྩལ་ལས་གཉེར་པ་ཏག་ཏག་རེད། ན་གཞོན་རྣམས་ལ་མི་རིགས་ཤིག་དང་ས་གནས་ཤིག་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མོས་པ་ཤིན་ཏུ་ཆེ་བས།  འཛམ་གླིང་མཛེས་པའི་རྒྱན་དུ་རྔ་བ་ཁུལ་གྱི་མི་རིགས་ཁག་གི་ལོ་རྒྱུས་དང་རིག་གནས་ཀྱི་གཟི་དཔལ་བརྙན་རིས་ཡིག་གསུམ་དང་གླུ་གར་སོགས་ཀྱི་ལམ་ནས་ཕུལ་ཏེ། ཚེ་རབས་ནས་ཚེ་རབས་སུ་འཛིན་སྐྱོང་སྤེལ་གསུམ་ཐུབ་པར་ཡིད་ཆེས་ཟབ་མོ་ཡོད་ལ། ད་ཐེངས《སྤྲིན་རུམ་གྱི་འབོད་སྐུལ》ཀྱི་འཁྲབ་སྟོན་འདི་ལེགས་པར་འགྲུབ་པ་ནི་གཟིགས་མོ་བ་རྣམས་ལ་ཕུལ་བའི་སྒྱུ་རྩལ་གྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཡིན་ལ། རྔ་བ་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཕུལ་བའི་སེམས་ཀྱི་བསྟོད་གཞས་ཤིག་ཀྱང་ཡིན་ཞེས་བཤད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1