ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-11


ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་མདུན་གྲལ་དུ་སྐྱོད་པ་དང་དཔེ་སྟོན་བྱས་ཏེ“དར་ཕྱུག་མཛེས་མཐོ”ཡི་ཅང་སུའུ་གསར་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས།


ཟླ་7ཚེས་5ཉིན་ནས་ཚེས་7ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་6ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་སུའུ་ཀྲོའུ་ཕིང་ཅང་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་ཡུལ་དེའི་གྲོང་མི་དང་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

        ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་མདུན་གྲལ་དུ་སྐྱོད་པ་དང་དཔེ་སྟོན་བྱས་ཏེ“དར་ཕྱུག་མཛེས་མཐོ”ཡི་ཅང་སུའུ་གསར་པའི་དེང་རབས་ཅན་འཛུཌ་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས། ཚའེ་ཆི་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།

        ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས། ཅང་སུའུ་ལ་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་དང་། ཚན་སློབ་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ། ཚོང་གཉེར་ཁོར་ཡུག་བཟང་པོ། ཁྲོམ་རའི་གཞི་ཁྱོན་ཆེན་པོ་སོགས་ཀྱི་ལེགས་ཆ་ལྡན་ཡོད་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་མདུན་གྲལ་དུ་སྐྱོད་པ་དང་དཔེ་སྟོན་བྱེད་པའི་ནུས་པ་ཡོད་ལ་འགན་འཁྲི་ཡང་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་མིག་དཔེ་བརྩོན་ལེན་བྱེད་པ། རྒྱལ་ཡོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བའི་ཐད་དཔེ་སྟོན་བརྩོན་ལེན་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྔོན་ལ་མངོན་འགྱུར་བྱེད་པའི་ཐད་མདུན་གྲལ་དུ་སླེབས་པ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཅང་སུའུ་ཡི་ལག་ལེན་གསར་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས“དར་ཕྱུག་མཛེས་མཐོ”ཡི་ཅང་སུའུ་གསར་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

        ཟླ་7ཚེས་5ཉིན་ནས་ཚེས་7ཉིན་བར་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཤིན་ཁྲང་ཤིང་དང་ཧྲེང་ཀྲང་ཞུས་ཁུན་ལིན་གྱི་ཕེབས་རོགས་འོག་སྔ་རྗེས་སུ་སུའུ་ཀྲོའུ་དང་ནན་ཅིང་སོགས་སུ་ཕེབས་ནས་བཟོ་ལས་གླིང་དང་། ཁེ་ལས། ལོ་རྒྱུས་རིག་གནས་ཁྲོམ་གཞུང་། ཚན་རིག་ཚོད་ལྟ་ཁང་སོགས་སུ་བརྟག་ཞིབ་གནང་བ་རེད།

        ཚེས་5ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་སུའུ་ཀྲོའུ་རུ་ཕེབས་འབྱོར་ཟིན་རྗེས་དང་ཐོག་རླངས་འཁོར་ལ་བཞུགས་ནས་སུའུ་ཀྲོའུ་བཟོ་ལས་གླིང་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། གླིང་ཁུལ་འགྲེམས་སྟོན་ལྟེ་གནས་སུ་ཞི་ཅིན་ཕིང་གིས་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་དང་གླིང་ཁུལ་སྤྱི་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས། ཚན་རྩལ་འདུས་ཚད་མཐོ་བའི་གླིང་ཁུལ་གྱིས་ཚན་རྩལ་རང་ཚུགས་རང་དར་ཁྲོད་གལ་ཆེ་ལ་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་འཁུར་བཞིན་ཡོད་པས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ལག་རྩལ་གསར་པར་བརྟེན་ནས་ཐོན་ལས་གསར་པ་སྐྱེད་སྲིང་དང་ཐོན་ལས་རིམ་སྤོར་ལ་ཟམ་མི་ཆད་པར་ཁྲིད་སྟོན་བྱེད་དགོས། རྒྱལ་སྤྱིའི་མཉམ་ལས་མུ་མཐུད་རྒྱ་ཆེར་བཏང་ནས་སྒོ་དབྱེ་གསར་གཏོད་ཀྱི་འཛམ་གླིང་གི་རྩེར་སོན་ཚན་རྩལ་མཐོ་བའི་གླིང་ཁུལ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

        དེ་རྗེས་ཞི་ཅིན་ཕིང་གིས་སུའུ་ཀྲོའུ་ཧྭ་ཤིང་ཡོན་ཁྲོང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བ་རེད། ཞི་ཅིན་ཕིང་འགྲེམས་ཁང་དང་། ཞིབ་འཇུག་གསར་སྤེལ་འཁོར་ཁང་། འོད་གློག་ཚོད་ལྟ་ཁང་བཅས་སུ་ཕེབས་ནས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། ཚད་ལེན་ཚོད་ལྟ་བཅས་ཀྱི་བརྒྱུད་རིམ་ལ་གཟིགས་ཞིབ་གནང་ཞིང་། ཁེ་ལས་ཀྱི་སྒྲིག་ཆས་དང་ཐོན་རྫས་ཀྱི་ནུས་པ་དང་། སྤྱོད་གོ ཁྲོམ་ར་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་བ་ཚང་མ་ན་གཞོན་ཡིན་པ་གཟིགས་སྐབས། ཞི་ཅིན་ཕིང་ཐུགས་ཧ་ཅང་མཉེས་པོ་བྱུང་ཞིང་། ཁོང་གིས་རྒྱལ་ཁབ་དེང་རབས་ཅན་འཛུགས་སྐྲུན་གྱིས་ན་གཞོན་ཚོར་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་མཁོ་འདོན་བྱས་ཡོད། ཚང་མ་ལང་ཚོ་དར་བའི་སྒང་ཡིན་པས་ལོ་རྒྱུས་ཀྱི་གོ་སྐབས་ལ་སྟངས་འཛིན་བྱས་ནས་འཇོན་ཐང་ངོམ་སྟེ་ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པ་བྱས་ནས་སླད་ཕྱིན་ཁྱེད་ཚོས་རང་ཉིད་ཀྱིས་མི་རིགས་བསྐྱར་དར་ཆེད་ལེགས་སྐྱེས་ཕུལ་བར་སྤོབས་སེམས་སྐྱེ་ངེས་རེད་ཅེས་གསུངས་པ་རེད།

        སུའུ་ཀྲོའུ་གནའ་གྲོང་གི་བྱང་ཤར་ཕྱོགས་སུ་གནས་པའི་ཕིང་ཅང་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ལ་ད་བར་ལོ་ངོ་2500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཚེས་6ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་འདི་གར་རྟོག་ཞིབ་གནང་ནས་སུའུ་ཀྲོའུ་གནའ་གྲོང་སྲུང་སྐྱོང་དང་། ཕིང་ཅང་གི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་སྲུང་སྐྱོང་དང་། ཉམས་གསོ། བེད་སྤྱོད་བཅས་ཀྱི་གནས་ཚུལ་སྙན་སེང་ཞིབ་ཕྲ་གསན་པ་དང་། ཞབས་ཐང་མར་གནའ་བོའི་ཁྲོམ་གཞུང་གི་རྣམ་པར་གཟིགས་ཞིབ་གནང་བ། སུའུ་ཀྲོའུ་འཚེམ་དྲུབ་ལ་གཟིགས་པ། ལོ་གསར་རི་མོ་པར་འདེབས་ལ་ཉམས་ལེན་བཅས་གནང་བ་རེད། ཁོང་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་ལས་མངོན་པའི་ལྡེམ་ཤུགས་དང་། ངང་རྒྱུད་རིང་པོ། ཚུགས་ནུས་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ཆ་ཤས་ཤིག་རེད་ཅེས་གསུངས་པ་རེད།

        ཁྲོམ་གཞུང་འགྲམ་གྱི་ཐང་ཆེན་ཆུང་ངུར་རོལ་དབྱངས་སྙན་འཇེབས་ལྡན་ཞིང་། ཡུལ་དེའི་གྲོང་མི་དང་ཡུལ་སྐོར་བས་སུའུ་ཀྲོའུ་ཡི་གཞས་མ་གཏམ་འཁྲབ་སྟོན་ལ་ལྟ་བཞིན་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཚང་མས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཐུགས་སྣང་གཤིན་པོས་ཚང་མ་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་དང་ཁོང་གིས་ཚང་མར་ཁ་ས་ངས་བཟོ་ལས་གླིང་དུ་ལྟ་སྐོར་ལ་ཕྱིན་པ་ཡིན། དེ་རིང་སྲོལ་རྒྱུན་གྱི་རིག་གནས་ཁྲོམ་གཞུང་ལ་ལྟ་སྐོར་དུ་ཡོང་བ་ཡིན། གང་སར་གནའ་ཤུལ་དང་། གནས་མཆོག རིག་གནས་བཅས་མང་པོ་ཡོད་པས། འདི་གར་འཚོ་བ་སྐྱེལ་མཁན་ཚང་མ་བསོད་ནམས་ཆེན་པོ་རེད། སུའུ་ཀྲོའུ་ཡིས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་ཧ་ཅང་ཡག་པོ་བྱས་འདུག ལོ་རྒྱུས་རིག་གནས་རྒྱུན་འཛིན་ཡག་པོ་བྱས་འདུག་ལ། ཚན་རྩལ་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱང་ཡག་པོ་བྱུང་འདུག་པས། འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་གྱི་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཡུལ་དེའི་འགན་འཁུར་བློ་མཐུན་ལ་ཕིང་ཅང་གི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ནི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པའི་རྩ་ཆེའི་རྒྱུ་ནོར་ཡིན་པས། སྲུང་སྐྱོང་དང་། སྔོག་འདོན། བེད་སྤྱོད་བཅས་ཡག་པོ་བྱས་ཏེ་དངོས་པོའི་རྣམ་པ་ནས་རྒྱུན་འཛིན་ཡག་པོ་བྱེད་དགོས་ལ། སེམས་ནང་ནས་དེ་བས་ཀྱང་རྒྱུན་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

        ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གིས་ནན་ཅིང་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། ཁོང་ཙེ་ཅིན་ཧྲན་ཚོད་ལྟ་ཁང་གི་འགྲེམས་ཁང་དང་6Gཕྱོགས་བསྡུས་ཚོད་ལྟ་ཁང་དུ་ཕེབས་ཏེ། ཚན་རྩལ་ལས་འགན་གལ་ཆེན་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་དེང་དུས་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པར་བརྟེན་རྩ་སློག་རང་བཞིན་གྱི་ལག་རྩལ་ག་དུས་ཡིན་ནའང་ཐོན་སྲིད་པས། བདེན་འཚོལ་ཏན་ཏིག་གི་གསར་གཏོད་ལམ་བུའི་ཐོག་བསྐྱོད་དེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་ཡོང་ཆེད་བྱས་རྗེས་འཇོག་དགོས་པའི་ནན་བཤད་གནང་བ་རེད་།

        ཚེས་7ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ཏེ། ཅང་སུའུ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས་ཅང་སུའུ་ཡིས་ཚན་རྩལ་གསར་གཏོད་ཐད་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། འཁོར་འབྲེལ་བཟང་སྤེལ་ཞན་གསབ་དང་འཁོར་འབྲེལ་རིང་དུ་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཐད་ཉམས་མྱོང་གསར་པ་འཚོལ་ཞིབ་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མཐོ་ཚད་གསར་པ་ཡོང་བ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགག་རྩ་ནི་ཚན་རྩལ་དེང་རབས་ཅན་ལ་ཐུག་ཡོད། ཅང་སུའུ་ཡིས་ཚན་རྩལ་གསར་གཏོད་ཐད་སྔོན་ལ་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། རྒྱལ་ཡོངས་ཀྱི་ཐོན་ལས་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་གལ་ཆེན་བཏོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་རྣམ་པའི་འཕར་གཞིར་དེ་བས་མང་བ་བརྟེན་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་ཀྱི་གཙོ་རྒྱུ་ཁེ་ལས་སུ་གཅིག་འདུས་བྱེད་པར་སྐུལ་འདེད་བཏང་སྟེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། དངོས་ཚན་དཔལ་འབྱོར་བརྟན་སྲུང་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུ་དེ་ཞིང་ཆེན་སྟོབས་ཆེར་གཏོང་བའི་གཙོ་གནད་དུ་བརྩིས་ནས་སྲོལ་རྒྱུན་ཐོན་ལས་ཀྱི་སྔོན་ཐོན་གནས་བབ་སྲ་བརྟན་དུ་གཏོང་བ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚོགས་པ་མགྱོགས་མྱུར་སྐྲུན་པ། གྲངས་འཛིན་དཔལ་འབྱོར་དེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་རྨང་གཞིའི་མཐོ་རིམ་ཅན་དང་ཐོན་ལས་འཁོར་འབྲེལ་གྱི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་གཙོ་རྐང་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གཏོད་དགོས་པའི་ནན་བཤད་གནང་རེད།

        ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ནང་དོན་གལ་ཆེན་ཞིག་རེད། ཅང་སུའུ་ཡིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་འབྲི་ཆུ་དང་མིས་བཟོས་གཙང་པོ་ཆེན་པོའི་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་གཉིས་སྐྲུན་པའི་ནང་ཧུར་ཐག་ཞུགས་དགོས། དེང་རབས་ཀྱི་ཚན་རྩལ་དང་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། ཅང་སུའུ་ཡིས་ངེས་པར་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་མདུན་གྲལ་དུ་སླེབས་པར་བྱེད་དགོས། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་དང་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། རྒྱལ་ཡོངས་འདི་ཉིད་ཆར་ཞོད་ཆེ་བའི་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་ཉེར་ཡོད་པ་དང་གཙང་པོ་དང་། མཚོ། ཆུ་མཛོད་བཅས་ལ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་འཕྲད་ཉེན་ཡོད་པ་དང་དུས་མཚུངས་ས་ཁུལ་ཁག་གཅིག་ཏུ་ཐན་སྐྱོན་ཚབས་ཆེན་ཐོན་ནས་ནགས་ཚལ་མེ་སྐྱོན་གྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འབྲུབ་ཆུ་སྔོན་འགོག་དང་། ཐན་པ་ཆེན་པོ་སྔོན་འགོག གནོད་འཚེ་ཆེན་པོ་སེལ་བ་བཅས་ལ་གཞི་ཚུགས་ཏེ་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཨང་དང་པོར་འཇོག་པ་དང་། གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་རྒྱུར་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་གྲ་སྒྲིག་གི་ལས་དོན་སྣ་ཚོགས་སྔ་སྣུར་དུ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་གྱོང་གུན་སྣ་ཚོགས་ཚད་གཞི་དམའ་ཤོས་སུ་སླེབས་པར་བྱེད་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་གཙོ་གནད་བྱ་ཐབས་ཁག་ལ་ཕྱོགས་ཡོངས་ནས་དམ་འཛིན་ཏན་ཏིག་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པར“ལག་ལེན་ལ་མཐོང་ཆེན”གྱི་བླང་བྱ་དོན་འཁྱོལ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་ཀྱིས་ལས་སྒྲུབ་ཀྱི་སྟོན་ཕྱོགས་སྲོང་བ་དང་། ལས་སྒྲུབ་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། ལས་སྒྲུབ་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བའི་ཐད་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཟླ་7ཚེས་5ཉིན་ནས་ཚེས་7ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་6ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ནན་ཅིང་གྲོང་ཁྱེར་ཙེ་ཅིན་ཧྲན་ཚོད་ལྟ་ཁང་དུ་རྟོག་ཞིབ་གནང་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1