ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལས་གཞི་ལག་བསྟར་བྱེད་པའི་བཀོད་སྒྲིག་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་གང་ལེགས་སྒོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་སྟེ། སྤྱི་ཚོགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཉམས་ལེན་མཁན་སྐྱེད་སྲིང་ལ་འབད་ནས། སྔོན་ཐོན་དཔེ་མཚོན་གྱིས་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ཁྲོད་དཔེ་སྟོན་སྣེ་ཁྲིད་ནུས་པ་སྔར་ལས་གང་ལེགས་བཏོན་ཏེ། སྤྱོད་བཟང་དང་དགེ་དོན་ལ་སྙེག་པའི་སྤྱི་ཚོགས་ཁོར་ཡུག་བཟང་བོ་བསྐྲུན་ཆེད། ཟླ7པའི་ཚེས7ཉིན་གྱི་སྔ་དྲོར། རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་དཔལ་ཡོན་གཞུང་ལས་ཁང་གཉིས་ཀྱིས་གཙོ་འགན་ཁུར་ཏེ། ཀུན་སྤྱོད་དཔེ་བཟང་དང་ཉེ་འཁོར་གྱི་ཡ་རབས་མི་སྣའི་སྔོན་ཐོན་དཔེར་མཚོན་མཛད་རྗེས་སྒྲོག་འགྲེལ་བྱེད་སྒོ་མཛོད་དགེ་རྫོང་དུ་སྤེལ། རྫོང་ཡོངས་ཀྱི་སྡེ་ཁག་སོ་སོ་དང་ཡུལ་གྲོང་སོ་སོར་བསྡོམས་པའི་མི་70ལྷག་སྒྲོག་འགྲེལ་བྱེད་སྒོར་ཞུགས།
བྱེད་སྒོའི་ཡུལ་དངོས་སུ་སི་ཁྲོན་གྱི་ཡ་རབས་མི་སྣ་ལྷ་ལུང་རྡོ་རྗེས་སྐད་ཆ་བབ་ཆགས་ཤིང་ལྷམ་བསམ་རྣམ་དག་གིས་སྒེར་གྱི་སྔོན་ཐོན་མཛད་རྗེས་གླེང་། སྟེགས་བུའི་ཐོག་གི་མི་སྣས་བརྩེ་བ་ངོ་མས་མཛད་འཕྲིན་གླེང་ཞིང་། སྟེགས་བུའི་འོག་གི་མི་སྣས་རྣ་བ་བླགས་ཏེ་མཛད་འཕྲིན་ལ་མཉན། ཡུལ་དངོས་ཀྱི་ལྟད་མོ་བ་རེ་རེ་ལྷ་ལུང་རྡོ་རྗེའི་བློས་གཏོང་གི་སྙིང་སྟོབས་ཀྱིས་སེམས་འགུལ་ཆེན་པོར་བསླངས་ཏེ། བརྩི་བཀུར་དང་བསྟོད་བསྔགས་ཀྱི་ཐལ་མོ་ཡང་ཡང་བསྡེབས་བྱུང་།
ལྷ་ལུང་རྡོ་རྗེ་ནི་སྐྱེས་པ་ཡིན་ལ་ལོ་ན་39ཡིན། བོད་རིགས་ཡིན་ལ་གུང་ཁྲན་ཏང་ཡོན་ཡིན། ཀྲུང་གོ་སྦྲག་སྲིད་ཚོགས་པའི་ཚད་ཡོད་ཀུང་སིའི་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་དྲ་ཐོག་ཡིད་སྐྱེལ་ཚན་ཁག་གི་ཚན་གཙོ་དང་སྦྲག་སྲིད་ཡིག་སྐྱེལ་བའི་ལས་འགན་གཅིག་ལྕོགས་སུ་ཁུར། 2007ལོར་ལས་ཞུགས་བྱས་ནས་བཟུང་། ཁོང་གིས་མཛོད་དགེ་རྫོང་གི་ཡུལ་གྲོང་གསུམ་གྱི་ཡིག་སྐྱེལ་ལས་འགན་ཁུར། ལོ་ངོ་16རིང་ཁོང་གིས་རིམ་བསགས་ཀྱིས་སྦྲག་འཁོར་སྤྱི་ལེ་ཁྲི་44ལྷག་ལ་བསྐོར་ཞིང་། ཡིག་དངོས་ཁྲི་500ལྷག་བསྐྱལ་ཏེ་གཅིག་ཀྱང་བོར་བརླག་བྱུང་མ་མྱོང་བས། མང་ཚོགས་ཀྱིས་ཁོང་ལ་བརྩེ་བས་ཕྱུག་པའི་ཕོ་ཉ་ཞེས་སུ་བསྔགས། ལྷ་ལུང་རྡོ་རྗེས་ས་བབ་མཐོ་ལ་ལམ་ཐག་རིང་ཞིང་ཉེན་ཁ་ཆེ་བའི་སྦྲག་སྐྱེལ་ལམ་བུར་ལོ་ངོ་16ལ་འདུར་རྒྱུག་བྱས་ཏེ། རང་ཁྱིམ་དུ་ལོ་སར་གནམ་གང་ཐེངས3མ་གཏོགས་བཏང་མ་མྱོང་། 2013ལོར་ཏང་ལ་དངོས་སུ་ཞུགས་པ་ནས་བཟུང་། ཁོང་གིས་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་ལེགས་པར་བཏོན་ཏེ། དབྱར་གྱི་ཚ་བ་དང་ལམ་གྱི་ཉེན་ཁ། དགུན་གྱི་གྲང་ངར་སོགས་ཁྱད་གསོད་སྒོས། ཡུལ་གྲོང་གི་སྦྲག་ལམ་དུ་ཁི་སིམ་མེར་འགན་འཁྲི་བརྟན་པོར་བསྲུངས་ཤིང་། ནམ་རྒྱུན་སྦྲག་འཁོར་དུ་ལམ་རྒྱགས་དང་སྨན་རྫས། དབྱང་སྣོད་སོགས་འཁུར་ཡོད་པས། གྲང་ངར་ཆེ་བའི་ཉེན་ཁའི་ཁྲོད་མི་མང་བོར་རོགས་རམ་གྱི་དྲོད་ཁོལ་སྟེར་མྱོང་། ལྷ་ལུང་རྡོ་རྗེས་སྙིང་རུས་དང་བློས་གཏོང་གི་སྙིང་སྟོབས་ཆེན་པོས། མཐོ་སྒང་གི་འབྲོག་པ་མང་ཚོགས་ལ་དྲོད་ཁོལ་ལྡན་པའི་སྦྲག་སྐྱེལ་ལམ་བུ་ལེགས་པར་བཏིངས།
རྗེས་སོར་མཛོད་དགེ་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་དཔལ་ཡོན་གཞུང་ལས་ཁང་གིས་མུ་མཐུད་དུ་སྔོན་ཐོན་དཔེ་སྟོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་སྒོས། ཀུན་སྤྱོད་དཔེ་བཟང་དང་ཉེ་འཁོར་གྱི་ཡ་རབས་མི་སྣ་སོགས་སྔོན་ཐོན་དཔེར་མཚོན་མཛད་རྗེས་ཅན་གདན་དྲངས་ཀྱིས་མུ་མཐུད་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། སྔོན་ཐོན་མི་སྣ་གཞི་རིམ་དུ་བསྐྱོད་དུ་བཅུག་སྟེ། རྒྱུན་མི་ཆད་པར་སྔོན་ཐོན་གྱི་ཤུགས་རྐྱེན་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་ཡ་རབས་མི་སྣར་སློབ་སྦྱོང་དང་དོན་བཟང་བསྒྲུབ་པར་སྐུལ་ཁྲིད་སྒོས། རྫོང་ཡོངས་ནས་སྤྱོད་བཟང་དང་དགེ་དོན་ལ་སྙེག་པའི་རྣམ་པ་གང་ལེགས་བསྐྲུན་ཏེ། སྤྱོད་བཟང་དཔེར་མཚོན་ཅན་ལ་བརྩི་མཐོང་དང་སློབ་སྦྱོང་། བརྩོན་ལེན་བཅས་བྱེད་པའི་ཚ་རླབས་འཕྱུར་ཏེ། སྤྱི་ཚོགས་རིན་ཐང་གི་ཁྲིད་ཕྱོགས་བཟང་བོ་བསྐྲུན་ནས། འཛམ་གླིང་གི་མཐོ་སྒང་ན་འདམ་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་མཛེས་ཤོས་འཛུགས་སྐྲུན་མགྱོགས་སུ་གཏོང་བར། ཀུན་སྤྱོད་ཀྱི་འདེགས་སྐྱོར་དང་བསམ་བློའི་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་རྒྱུ་རེད།