སྤྱི་ཟླ་7ཚེས་8ཉིན། སྐབས་31པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཁྲེང་ཏུའུ་ས་ཚིགས་སུ་བརྒྱུད་སྤྲོད་བྱས་པའི་ཉིན་གཉིས་པར། སི་ཁྲོན་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། “ཁྲེང་ཏུའི་མི་བཟང་”བློ་བཟང་རིན་ཆེན་དཔལ་འབར་འཁྱེར་མཁན་ཨང་10པ་ཡིན་པའི་ངོས་ནས་སི་ཁྲོན་དགེ་འོས་སློབ་ཆེན་དུ་བརྒྱུད་སྤྲོད་ལེགས་གྲུབ་བྱུང་ཡོད།
བློ་བཟང་རིན་ཆེན་གྱིས་དཔལ་འབར་འཁྱེར་ནས་འགྲོ་བའི་གནས་སྐབས་དེར་ཕྱིར་དྲན་བྱེད་སྐབས། ངས་བལྟས་ན་དཔལ་འབར་ནི་ཧུར་བརྩོན་ཡར་སྐྱེད་དང་སྤྲོ་སྣང་ཁོང་ཡངས་ཀྱི་དྲང་ནུས་མཚོན་རྟགས་ཤིག་ཡིན་ཞིང་། འདི་ནི་ང་ཚོའི་གྲོང་ཁྱེར་འདིའི་མཚོན་རྟགས་དང་ཉམས་སྣང་ཡིན། ང་རང་ད་ཐེངས་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་གྲས་སུ་ཚུད་པ་ནི་བསོད་ནམས་ཆེན་པོ་རེད་བསམ་གྱི་འདུག་ཅེས་བཤད།
ཉེ་འཁོར་གྱི་མི་ཚོའི་མིག་ལམ་དུ། བློ་བཟང་རིན་ཆེན་ནི་དུས་ནམ་ཡང་སྤྲོ་སེམས་ཀྱིས་ཕྱུག་པའི་གཞོན་ནུ་ཕུགས་བསམ་ཅན་ཞིག་ཡིན། 90ལོའི་རྗེས་སུ་སྐྱེས་པའི་གཞོན་ནུ་ཏང་ཡོན་ཁོང་ནི་ཕ་ཡུལ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནས་ཡིན་པ་དང་། དབྱིན་ཇིའི་ལུན་ཏུན་སློབ་ཆེན་རྒྱལ་པོ་སློབ་གླིང་སྒྱུ་རྩལ་རིག་གནས་དོ་དམ་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་མཇུག་བསྒྲིལ་རྗེས་རྒྱལ་ནང་དུ་ལོག་ནས་ལས་ཞུགས་བྱ་རྒྱུའི་གདམ་ག་བྱས། 2018ལོར་སྔ་ཕྱིར་གྲོང་ཁྱེར་གསུམ་དང་ས་གནས་བཞི་རུ་སློབ་སྦྱོང་ལེགས་གྲུབ་བྱས་རྗེས། ལོ་25ལ་སླེབས་པའི་བློ་བཟང་རིན་ཆེན་ཡང་གཞོན་ནུ་མང་པོ་ཞིག་དང་འདྲ་བར་ཁྲེང་ཏུའུ་ལ་ལས་ཞུགས་བྱས། དགོས་མཁོ་ཆེ་ལ་ཧ་ཅང་དཀོན་པའི་ཆེད་ལས་ཀྱི་འདེམས་གཏོང་སློབ་མ་ཡིན་པའི་ངོས་ནས། ཁྲེང་ཏུའུ་ཐེན་ཧྥུའུ་ཁུལ་གསར་དུ་རང་ཉིད་ཀྱི་མི་ཚེའི་འགྲུལ་བཞུད་གསར་པ་ཞིག་བྱེད་འགོ་ཚུགས་ཡོད།
ལོ་དང་པོར་ཐོན་ལས་འགུག་འདྲེན་དང་། ལོ་གཉིས་པར་སྡེ་ཁུལ་དུ་གཞི་ཚུགས་པ། ལོ་གསུམ་པར་ཤང་གྲོང་དར་རྒྱས་བཏང་ཡོད་ཅིང་། ད་ཆ་ཁོང་སླར་ཡང་གཞོན་ནུའི་ཞབས་ཞུའི་ལས་གནས་ཐོག་བསྐྱོད་ཡོད། དུས་ཐུང་ལོ་ལྔའི་ནང་། ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲུབ་འགོག་གེགས་སེལ། ཁེ་ལས་ཞབས་ཞུ། སྡེ་ཁུལ་བཅོས་སྐྱོང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཁྱབ་ཁོངས་མང་པོར་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བ་དང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གྲངས་ཉུང་མི་རིགས་ཀྱི་གཞི་རིམ་ན་གཞོན་ཏང་ཡོན་ཞིག་གི་འགན་འཁྲི་དང་འོས་འགན་ལག་ལེན་བསྟར་ཡོད།
ལང་ཚོའི་ས་བོན་ལ་གཞི་རིམ་གྱི་ལག་ལེན་ཁྲོད་མྱུ་གུ་འབུས་པ་དང་འཚར་ལོངས་བྱུང་ཡོད། བློ་བཟང་རིན་ཆེན་གྱིས། མ་འོངས་པར་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་གྱི་བློ་སྤོབས་ཐོག་ནས་དེ་བས་ལེགས་པའི་ངང་ལས་དོན་ལ་གཞི་ཚུགས་ཏེ་སྡེ་ཁུལ་བཅོས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་གཞོན་ནུའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་ཡོད།