༄༅།། རྒྱལ་རོང་བུ་མོའི་སྐྲ་ཤིང་བཅིངས་པའི་ལུགས་སྲོལ།
གངས་དབང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ་ལས་དྲངས། སྤེལ་དུས། 07-17
གངས་དབང་།
མོ་བཟའ་རྒྱལ་མོའི་དུས་སུ་བུད་མེད་ཀྱི་ཐོབ་ཐང་ལ་ཧ་ཅང་མཐོང་ཆེན་བྱས་པས། བུ་མོ་ཚོ་བཅུ་དྲུག་ལང་ཚོ་དར་ལ་བབས་དུས། ནར་སོན་པའི་རྟེན་འབྲེལ་ཞིག་སྒྲིག་སྲོལ་ཡོད་པ་དེ་ལ་ས་དེ་གའི་བོད་སྐད་དུ་སྐྲ་ཤིང་བཅིངས་ཞེས་ཟེར། ཡིན་ན་ཡང་། དེང་སང་མི་ཚང་མས་ཡུལ་སྲོལ་དེ་ལ་བོད་ཡིག་ཐོག་ནས་ནར་སོན་པའི་ཆོ་ག་ཞེས་བྲིས་པ་ལས་ས་དེ་གའི་བོད་སྐད་དུ་སྐྲ་ཤིང་བཅིངས་ཞེས་པ་བྲིས་མ་ཤེས་པའམ་འབྲི་སྲོལ་མེད་པ་ནི་གཞུང་ལས་ཁང་ནང་བསྡད་དེ་རྒྱ་ཡིག་གི་ཡིག་ཆ་ཁོ་ན་ཚུར་བསྒྱུར་བ་ལས། གཞི་རིམ་ལ་སོང་ནས་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་མ་བྱས་པའི་རྟགས་རེད།
སྐྲ་ཤིང་བཅིངས་ཞེས་བུ་མོ་ཚོ་ནར་སོན་པའི་རྟེན་འབྲེལ་སྒྲིག་དུས། གྲོང་ནང་གི་དབང་ཐང་ཅན་གྱི་རྒན་མོ་དང་ལོ་བཅུ་དྲུག་ལ་སོན་པའི་བུ་མོ་ཚོས་གྲོང་པའི་ནང་ལ་ཡོད་པའི་ཆུ་གཙང་མ་བླངས་ཏེ་མགོ་སྐྲ་གཙང་མར་བཀྲུས་རྗེས་སྐྲ་ལ་ལན་བུ་ཕྲ་ཕྲ་མང་པོ་བསླས། དེ་ནས་དབང་ཐང་ཆེ་བའི་རྒན་མོས་རིང་ཐུང་ལ་ལི་སྨི༥༠ཙམ་ཡོད་པའི་དངུལ་ལམ་ཤིང་གི་ཐུར་མ་གཉིས་སྐྲ་ནང་བརྒྱུས་པར་མ་ཟད་ལམ་བུས་དམ་དུ་དཀྲིས་རྗེས། རས་སྐུད་ནག་པོ་དང་སྔོནཔོ། སེར་པོ་བཅས་ཀྱིས་དམ་དུ་བཅིངས། དེ་ནས་ཐུར་མའི་སྣེ་གཉིས་ཀར་མཐེབ་ཀོར་རེ་བསྐོན།
ཐོད་པ་ལ་དཀྲིས་པའི་ལན་བུ་མང་པོའི་ཐོག་ལ་བྱི་རུ་དམར་པོ་ཆུང་ཆུང་མང་པོ་ཕྲེང་བར་བརྩེགས་པ་དེ་ལ་རྩེ་ཁབ་ཅེས་འབོད་པ་དང་། དེའི་ཐོག་ལ་སྐྲ་ཡི་ལན་བུ་སྦོམ་པོ་ཞིག་གཡས་གཡོན་གཉིས་ནས་སྐྲ་ཤིང་ལ་དམ་པོར་དཀྲིས་ཏེ་བྱ་རྒྱལ་ཁྱུང་གི་གཤོག་པ་ལྟར་བྱས་རྗེས་ལོང་ཐུང་དགུ་གྲལ་བསྟར་བསྒྲིགས་པ་དེ་ལ་ཐོད་བཀབ་ཟེར། དེ་ནས་ལུས་ལ་སྨད་གཡོགས་ཟུར་མང་ཅན་དང་ཕྲག་པར་སྟོད་ཁེབས་གསར་པ་གྱོན་པས་མ་ཚད་གསེར་དང་དངུལ། གཡུ་དང་བྱུ་རུ། མུ་ཏིག་དང་སྤོས་ཤེལ་བཅས་རིན་པོ་ཆེའི་རིགས་འདྲ་མིན་སྣ་ཚོགས་བཏགས་ཏེ་རྣམ་པར་བཀྲ་བ་ཞིག་བཟོ་སྲོལ་ཆགས།
གོང་གི་གོ་རིམ་དེ་དག་ལེགས་པར་གྲུབ་རྗེས། བླ་སྤྲུལ་རྣམས་ཀྱིས་རྔ་རྡུང་། སྦུབ་ཆལ་དཀྲོལ། དུང་བུས་ཏེ་གསོལ་བ་འདེབས་པའི་དབྱངས་སྙན་པོ་ལ་ལུང་ཀུན་ཏུ་ཁྱབ། གསོལ་བ་བཏབ་ཚར་མ་ཐག་ཞི་ཁྲོ་གང་རུང་གི་འབག་གྱོན་པའི་གྲྭ་པ་རྣམས་ཀྱིས་འཆམ་རྒྱག་པ་དང་། འཆམ་བརྒྱབ་ཚར་རྗེས་སྐྲ་ཤིང་བཅིངས་པའི་བུ་མོ་ཚོའི་གཉེན་ཉེ་རིགས་རྣམས་ཀྱིས་མར་དང་ཇ་ཆང་སོགས་རང་རང་སོ་སོས་གྲ་སྒྲིག་བྱས་པའི་ལེགས་སྐྱེས་རྣམས་བུ་མོ་ཚོ་ལ་གནང་ཞིང་། དེ་དང་མཐུད་ནས་གྲོང་པའི་ནང་གི་མི་རྒན་དབང་ཐང་ཅན་ཞིག་གིས་བཀོད་སྒྲིག་བྱས་པ་ལྟར་བཅུ་དྲུག་ལང་ཚོ་ཅན་གྱི་བུ་མོ་ཚོ་ལ་གྲལ་བསྒྲིགས་ནས་མཆོད་རྟེན་དང་། མཁར་རྫོང་ལ་སྐོར་བ་གཅིག་བསྐོར་བཅུག་རྗེས། རྒན་པ་རྣམས་ཀྱིས་བུ་མོ་ཚོ་ལ་ད་ནས་བཟུང་སྔོན་དང་མི་འདྲ་བར་ལུས་སེམས་གཉིས་ལ་ལས་འགན་ཡོད་པས་འགྲོ་ལུགས་འདུག་སྟངས་བཅས་བུད་མེད་ཚོ་ལ་འཛོམས་དགོས་པའི་མཛངས་མའི་ཡོན་ཏན་ལྡན་པར་བྱ་རྒྱུའི་སློབ་གསོ་དང་རེ་བཅོལ་གནང་། མཇུག་མཐར་བུ་མོ་ཞིག་གི་ཨ་ཞང་གིས་ལག་གཡས་ཀྱིས་མདའ་དར་དང་གཡོན་གྱིས་བུམ་པ་ཞིག་བཟུང་སྟེ་བུ་མོ་ཚོ་ནར་སོན་པའི་གོ་རིམ་ནང་ཁྱིམ་ཚང་སོ་སོ་བཀའ་དྲིན་ཆེ་ཚུལ་དང་། བུ་མོ་ཚོའི་ལས་ལ་བརྩོན་ཞིང་བྱ་སྤྱོད་བཟང་བ་ལ་བསྟོད་ར་ཚད་དུ་མེད་པ་བྱས་རྗེས། སླད་མར་དེ་ལས་ཀྱང་མ་བཟང་གི་བུ་མོ་ཞིག་བྱ་རྒྱུའི་རེ་བ་བཏོན་ཚར་རྗེས་གྲོང་པའི་གླུ་གར་ལ་མཁས་པའི་རྒན་པོ་ཞིག་གིས་སྣེ་ཁྲིད་དེ་ཁྱད་ཆོས་ལྡན་པའི་རྒྱལ་རོང་གི་སྐོར་བྲོ་འཁྲབ་འགོ་བརྩམས་པ་ལས་བྲོ་ཚིག་ནི་འདི་ལྟར་ཏེ།
ཐོག་མར་རྟེན་འབྲེལ་གྱི་བྲོ།
ཚེས་པ་གཅིག་ལ་ཚེས་པ་གཉིས། །ཚེས་པ་གསུམ་ལ་སྐར་མ་བཟང་། །ཚེས་གསུམ་སྐར་མ་བཟང་པོར། །དཀར་པོ་གུར་ཞིག་ཕུབ་ཡོད། །དཀར་པོ་གུར་གྱི་གུར་ཤིང་། །རྒྱ་གར་ཙན་དན་ལྷ་ཤིང་། །དཀར་པོ་གུར་གྱི་གུར་ཐག །རྒྱ་ནག་སྟོང་སྐུད་སུམ་སྒྲིག །དཀར་པོ་གུར་གྱི་གུར་ཕུར། །རིན་ཆེན་ལྕགས་ཀྱི་ཕུར་པ། །
དཀར་པོ་གུར་གྱི་གུར་སྒོ། །ཉི་མ་ཤར་ལེའི་སྒོ་ཡག །ད་ལོ་སྐྱིད་སྐྱིད་དགའ་དགའ། །སང་ལོར་རྟེན་འབྲེལ་རེད་ཡ། །སྐྱིད་དགའ་ད་སང་འཛོམས་པའི། །བཀྲ་ཤིས་སྨོན་ལམ་ཤོག་ཡ། །ལ་གཅིག་བརྒྱབ་པའི་ཕར་ནང་། །ལ་གཉིས་བརྒྱབ་པའི་ཚུར་ནང་། །ལ་གཅིག་ལ་གཉིས་བར་ལ། །གསེར་གྱི་ཟམ་པ་བརྐྱངས་ཡོད། །གསེར་གྱི་ཟམ་པ་ཐོག་ལ། །གསེར་གྱི་བུ་ཆུང་འཁྲུངས་ཡོད། །ཕྱག་གཡས་པའི་བཀྲ་ཤིས་པའི་མདའ་དར་ལ། །ཕྱག་གཡོན་པའི་ཚེ་རིང་བའི་བུམ་པ་ལ། །བཀྲ་ཤིས་པའི་མདའ་དར་བཀྲ་ལ་ཤིས་པར་ཤོག །ཚེ་རིང་བའི་བུམ་པ་ཚེ་ལ་རིང་བར་ཤོག །ད་ལོ་སྐྱིད་སྐྱིད་དགའ་དགའ། །སང་ལོར་རྟེན་འབྲེལ་རེད་ཡ། །སྐྱིད་དགའ་ད་སང་འཛོམས་པའི་བཀྲ་ཤིས་སྨོན་ལམ་ཤོག་ཡ། །
བར་དུ་གཡང་ཆགས་པའི་བྲོ།
ཕར་རི་རྡོ་རྗེ་བྲག་ལ། །ཤུག་པ་སྔོན་མོ་འཁྲུངས་སོང་། །ཤུག་པ་སྔོན་མོ་འཁྲུངས་སར། །ལྷ་བསང་དཀར་པོ་བཏང་ཡོད། །ལྷ་བསང་དཀར་པོ་བཏང་ནས། །སྤྲིན་འཇའ་དར་གསུམ་བརྐྱངས་ཡོད། །སྤྲིན་འཇའ་དར་གསུམ་བརྐྱངས་ནས། །ནམ་མཁར་འོད་ཟེར་ཁྱབ་སོང་། །སྤྲིན་འཇའ་དར་གསུམ་བརྐྱངས་ནས། །ཆར་ཆུ་ཐིགས་གསུམ་བབ་བྱུང་། །ཆར་ཆུ་ཐིགས་གསུམ་ནག་པོ་ས་ལ་བབ། །ས་ལ་བབ་ནས་འབྲུ་རིགས་སྣ་ལྔ་འཁྲུངས། །འབྲུ་རིགས་སྣ་ལྔས་ཞིམ་པའི་ཆང་ཞིག་བཙོ། །ཞིམ་པའི་ཆང་ནི་བྲོ་ར་འདི་ལ་དྲངས། །ས་ཡི་གཅིག་པ་བཤད་ན། །གསེར་གྱི་ས་གཞི་ཆགས་ཡོད། །ས་ཡི་གཉིས་པ་བཤད་ན། །དངུལ་གྱི་མཎྜལ་ཆགས་ཡོད། །ས་ཡི་གསུམ་པ་བཤད་ན། །རིགས་གསུམ་མགོན་པོ་ཆགས་ཡོད། །ས་ཡི་བཞི་པ་བཤད་ན། །རྒྱལ་ཆེན་སྡེ་བཞི་ཆགས་ཡོད། །ས་ཡི་ལྔ་པ་བཤད་ན། །རྒྱལ་བ་རིགས་ལྔ་ཆགས་ཡོད། །ས་ཡི་དྲུག་པ་བཤད་ན། །འགྲོ་བ་རིགས་དྲུག་ཆགས་ཡོད། །ས་ཡི་བདུན་པ་བཤད་ན། །རི་སྐེད་མཚོ་བདུན་ཆགས་ཡོད། །ས་ཡི་བརྒྱད་པ་བཤད་ན། །པད་མ་འདབ་བརྒྱད་ཆགས་ཡོད། །ས་ཡི་དགུ་པ་བཤད་ན། །འཁོར་ལོ་རྩིབས་དགུ་ཆགས་ཡོད། །ས་ཡི་བཅུ་པ་བཤད་ན། །བྱང་ཆུབ་ས་བཅུ་ཆགས་ཡོད། །ས་ཡི་བཅུ་གཅིག་བཤད་ན། །རྩི་ཤིང་ནགས་ཚལ་ཆགས་ཡོད། །
མཐའ་མར་བཀྲ་ཤིས་པའི་བྲོ།
བཀྲ་ཤིས་ཤོག་བཀྲ་ཤིས་ཤོག །ཤར་རྡོ་རྗེ་སེམས་དཔའ་བཀྲ་ཤིས་ཤོག །རྡོ་རྗེ་སེམས་དཔའ་གསེར་གྱི་མཆོད་རྟེན་འདྲ། །གཞོན་པའི་ལོ་ཆུང་གཡུ་ཡི་དཔལ་གདན①འདྲ། །དཔལ་གདན་འགྱུར་བ་མེད་པའི་བཀྲ་ཤིས་ཤོག །
བཀྲ་ཤིས་ཤོག་བཀྲ་ཤིས་ཤོག །ཉི་མ་ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་ཤོག །ལྷོ་རིན་ཆེན་འབྱུང་གནས་མུ་ཏིག་མཆོད་རྟེན་འདྲ། །གཞོན་པའི་ལོ་ཆུང་བྱུ་རུའི་དཔལ་གདན་འདྲ། །དཔལ་གདན་འགྱུར་བ་མེད་པའི་བཀྲ་ཤིས་ཤོག །
བཀྲ་ཤིས་ཤོག་བཀྲ་ཤིས་ཤོག །ཉི་མ་ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་ཤོག །ནུབ་སྣང་བ་མཐའ་ཡས་དུང་གི་མཆོད་རྟེན་འདྲ། །གཞོན་པའི་ལོ་ཆུང་བྱུ་རུའི་དཔལ་གདན་འདྲ། །དཔལ་གདན་འགྱུར་བ་མེད་པའི་བཀྲ་ཤིས་ཤོག །
བཀྲ་ཤིས་ཤོག་བཀྲ་ཤིས་ཤོག །ཉི་མ་བྱང་གི་ཕྱོགས་ནས་བཀྲ་ཤིས་ཤོག །བྱང་གཡུ་ཡི་སྒྲོལ་མ་དུང་གི་མཆོད་རྟེན་འདྲ། །གཞོན་པའི་ལོ་ཆུང་དུང་གི་དཔལ་གདན་འདྲ། །དཔལ་ལྡན་འགྱུར་བ་མེད་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ཤོག བཀྲ་ཤིས་ཤོག བཀྲ་ཤིས་ཤོག །ཅེས་ངག་སྙན་ལ་འགྱུར་ཁུག་དལ་ཞིང་ལྷོད་པ་དང་། རྐང་ལག་གི་སྟངས་སྟབས་འདྲ་མིན་སྣ་ཚོགས་ཀྱིས་འཁྲབ་སྟེ་སྐྲ་ཤིང་བཅིངས་ཞེས་པར་རྟེན་འབྲེལ་བསྒྲིགས་པའི་སྲོལ་ཆགས་སོ། །
གོང་དུ་བཀོད་པ་ནི་སྐྲ་ཤིང་བཅིངས་ཞེས་པའི་བུ་མོ་ཚོ་ལོ་བཅུ་དྲུག་ལ་སོན་དུས་རྟེན་འབྲེལ་བསྒྲིགས་པ་དེའི་གོ་རིམ་ཙམ་ཡིན། བཤད་སྲོལ་དུ་དེ་ནི་མོ་བཟའ་རྒྱལ་མོའི་དུས་ནས་དར་བའི་ལུགས་སྲོལ་ཞིག་སྟེ། དེང་སང་མོ་བཟའ་རྒྱལ་མོའི་རྒྱལ་ས་སྤོ་ཐེངས་གསུམ་པར་གྲགས་པའི་མཁར་ཤུལ་དེའི་ཞབས་ལ་དགྲ་ས་ཐང་ཞེས་པ་ན་ལོ་རེ་ལ་ཐེངས་རེ་སྤེལ་སྲོལ་ཡོད་ཅེས་གྲགས། གཙོ་བོ་ནི་བུད་མེད་ཚོའི་གོ་ས་མཐོ་རུ་སྤེལ་སྟེ་མོ་བཟའ་རྒྱལ་མོའི་དབང་ཐང་དགུང་དང་འདྲ་བར་དར་བའི་ཆེད་དུ་ཡིན་པ་བཅས་དོན་སྙིང་ཆེན་པོ་ལྡན་པ་ལས། དེང་སང་མི་ལ་ལ་ཡིས་བཤད་པ་ལྟར་རྒྱན་ཆ་བཏགས་ཏེ་སྒེག་ཉམས་ངོམ་པ་དང་སྐྲ་ཤིང་བཅིངས་པའི་རྟེན་འབྲེལ་ནང་ཞུགས་པ་ནས་བཟུང་སྐྱེས་པ་ཚོ་དང་འབྲེལ་འདྲིས་བྱེད་ཆོག་པ་བསྟན་པ་ཙམ་ག་ལ་ཡིན་ཏེ་མིན་ནོ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1