འཛམ་ཐང་རྫོང་གི་བཞི་བཟང་སྡེ་ལམ་འཛུགས་སྐྲུན་གྱིས་དམངས་ལ་ཕྱུག་འགྱུར་དང་བདེ་སྐྱིད་ཀྱི་ལམ་བུ་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 07-19



        ཉེ་ཆར། ཆར་རྗེས་ཀྱི་འཛམ་ཐང་རྫོང་གད་ཐོག་ཡུལ་ཚོའི་བསེར་སྐོར་སྡེ་བའི་མཁའ་དབུགས་དྭངས་ཤིང་། ལ་ལུང་ཀུན་དུ་ལྗང་མདོག་གིས་ཁེངས་ཞིང་མེ་ཏོག་གི་འདབ་མ་ལྷུག་པར་གྲོལ་ལ། སྡེ་འདབས་ཀྱི་གཙང་བོའང་ལྷུང་ལྷུང་དུ་བཞུར་བཞིན་འདུག ཞེང་ཆེ་ལ་ངོས་སྙོམས་་པའི་གཞུང་ལམ་ཞིག་སྡེ་དཀྱིལ་དུ་གཡུ་འབྲུག་མཁྱུག་པ་ལྟར་ཡོད་པ་ནི་ལྗང་མདོག་གི་རི་ཆུ་ལ་ཁ་བཏགས་ཡུག་གཅིག་གིས་རྒྱན་པ་དང་འདྲ།

    སྡེ་བའི་འགྲམ་གྱི་སྔོ་ཚལ་འདེབས་འཛུགས་ར་བ་དག་གྲལ་འགྲིག་པོར་ཡོད་ལ་སྔོ་ཚལ་སྣ་ཚོགས་ཀྱི་སྐྱེ་སྟོབས་ཀྱིས་མི་སེམས་ལ་སྤྲོ་བ་སྦྱིན། གུང་ཟས་ཟོས་རྗེས་སྡེ་མི་བཅུ་ལྷག་གཅིག་རྗེས་གཉིས་མཐུད་ཀྱིས་འདེབས་འཛུགས་ར་བར་སླེབས་བྱུང་། རང་གི་སྒོ་འགྲམ་དུ་བཏབ་པའི་སྔོ་ཚལ་ཟ་ཐུབ་པ་མ་ཟད། འདེབས་འཛུགས་ར་བར་ལས་ཀར་སོང་ནས་ཡོང་སྒོ་བཙལ་ཐུབ་པ་ནི་བསེར་སྐོར་སྡེ་བའི་སྡེ་མི་ཚོར་མཚོན་ན་སྔོན་ཆད་ཡིད་ལའང་ཤར་མ་མྱོང་བ་ཞིག་རེད། གད་ཐོག་ཡུལ་ཚོའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། སྔོན་ཆད་རི་མཐོའི་འཛམ་ཐང་དུ་སྔོ་ཚལ་ཟ་དཀའ་བ་དང་ཉོ་དཀའ་བའི་གནད་དོན་ཡོད་ལ། ལྷག་པར་དུ་མཚོ་འཕགས་སྨི་3200ཡན་གྱི་གད་ཐོག་ཡུལ་ཚོ་ནི་དེ་བས་ཀྱང་སྨོས་མ་དགོས་པ་ཞིག་རེད། སྔོན་ཆད་བསེར་སྐོར་སྡེ་བ་ནས་རྫོང་མཁར་དུ་འགྲོ་བར་རྐང་ལམ་ཙམ་ལས་མེད་པ་མ་ཟད། མཚོ་འཕགས་སྨི་4000ལྷག་ཡིན་པའི་རི་བོ་ཞིག་བརྒལ་དགོས་ཞེས་འཛམ་ཐང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཅུས་ཀྲང་ཧོ་ཁྲིན་ཡོ་ཡིས་བཤད། སྐབས་དེར་སྡེ་བའི་ནང་དུ་ཁང་བ་ཞིག་སྐྲུན་པར་རྒྱུ་ཆ་དག་མིས་ཁུར་བའམ་ཕྱུགས་ལ་འགེལ་དགོས་པས་ཁང་བ་ཞིག་སྐྲུན་པ་ལའང་ལོ་ཁ་ཤས་འགོར།

    2009ལོ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་པུའུ་ཀྲང་དང་ཞིང་ཆེན། ཁུལ་བཅས་སུ་འགྲིམ་འགྲུལ་མ་ལག་གཅིག་གྱུར་འཆར་འགོད་བྱས་ཞིང་། སྲིད་ཇུས་དང་ལས་གཞི། མ་རྩ། འཇོན་མི། ཤེས་རྒྱ་བཅས་ཀྱིས་ཕྱོགས་མང་པོ་ནས་འཛམ་ཐང་ལ་རོགས་སྐྱོར་བྱས། བཞི་བཟང་སྡེ་ལམ་འཛུགས་སྐྲུན་ཚོད་ལྟ་བྱས་ནས་ཧུར་བརྩོན་གྱིས་བཞི་བཟང་སྡེ་ལམ་ལ་ཞིབ་དཔྱད་ཀྱིས་སྤུས་ལེགས་པའི་གཞུང་ལམ་འཕེལ་རྒྱས་བཏང་། འགྲིམ་འགྲུལ་སྟོབས་ལྡན་དུ་གཏོང་བ་དང་དམངས་འཚོ་ཞབས་ཞུ་སྒྲུབ་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྤྱིའི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ཇུས་གཞི་ལྟར། བཞི་བཟང་སྡེ་ལམ་སྤུས་ལེགས་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས་གཞི་གཅིག་ཏུ་སྦྲེལ་བར་སྐུལ་སྤེལ་གྱིས་ལམ་ལ་བརྟེན་ནས་དམངས་ལ་ཕན་པ་དང་ལམ་ལ་བརྟེན་ནས་ལས་རིགས་དར་བ་རྒྱུན་སྐྱོང་ཞིང་། འགྲིམ་འགྲུལ་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ལག་ལེན་བྱས། དེ་ནས་བཟུང་འཛམ་ཐང་གི་འགྲིམ་འགྲུལ་ལ་གནམ་ས་བརྗེས་པ་ལྟ་བུའི་ལེའུ་གསར་བ་བསྐྲུན། ཉེ་བའི་ལོ་ཤས་ཀྱི་རིང་། འཛམ་ཐང་རྫོང་གིས་ཞིང་སྡེའི་གཞུང་ལམ་སྤྱི་ལེ་77.438བསྐྲུན་པ་དང་མ་དངུལ་སྒོར་དུང་ཕྱུར་2.4281བཏང་། དེའི་ཁྲོད་དུ་ཨར་འདམ་གྱི་བགྲོད་ལམ་སྤྱི་ལེ་50.349གསར་དུ་བསྐྲུན་པ་དང་གཞུང་ལམ་ཞིག་གསོ་བཟོ་སྐྲུན་སྤྱི་ལེ་142.7འདུས། མིག་སྔར་བར་དུ་འཛམ་ཐང་རྫོང་ཡོངས་ཀྱི་རླངས་འཁོར་བགྲོད་ལམ་ཤར་གཏོང་ཚད་ལམ་ཐག་སྤྱི་ལེ་1028.8་ཟིན། དེའི་ཁྲོད་དུ་ཞིང་སྡེའི་གཞུང་ལམ་ལམ་ཐག་སྤྱི་ལེ་744.7ཡོད། གཞུང་ལམ་ཚད་རིམ་སྡུར་ཚད་98.9%ཟིན་ལ་ལམ་ངོས་གདིང་བའི་སྡུར་ཚད་92.4%ཟིན་ཞིང་གཞུང་ལམ་སྲུང་སྐྱོང་སྡུར་ཚད་100%ཟིན་པ་དང་གཞུང་ལམ་ཟམ་པ་50བསྐྲུན་ཡོད།

    ད་ལྟ་འཛམ་ཐང་གི་གྲོང་སྡེར་ལྗོངས་སྐོར་ལམ་དང་ཐོན་ལས་ལམ་མང་པོ་ཡོད་ཅིང་གསར་དུ་བསྐྲུན་པའི་བགྲོད་ལམ་རེ་རེས་ཞིང་ལས་ཐོན་རྗས་འདེབས་འཛུགས་དང་ཐོན་རྫས་ཕྱིར་འཚོང་བྱེད་པར་སྐུལ་འདེད་བཏང་། བསེར་སྐོར་སྡེ་བའི་ཁོད་ཡངས་པའི་གཞུང་ལམ་རིང་མོ་ཞིག་གི་སྣེ་གཅིག་ཏུ་འཛམ་ཐང་བར་མ་གྲོང་རྡལ་དང་སྣེ་གཞན་ཞིག་ཏུ་ན་མདའ་གྲོང་རྡལ་སྦྲེལ་ཡོད་ཅིང་རྒྱལ་ལམ་227དང་མཉམ་དུ་འདྲེས་ཡོད། ད་ལྟ་བསེར་སྐོར་སྡེ་བའི་སྡེ་མིས་ཁང་བ་གསར་བ་བསྐྲུན་ནས་ཟླ་འདིའི་རྗེས་སུ་འགྲུབ་ངེས་ཞེས་ཧུའུ་ཡིའུ་ཁྲེང་གིས་དེ་ལྟ་བཤད། ལམ་བཟང་བོ་བསྐྲུན་ན་འཕེལ་རྒྱས་ལ་གོ་སྐབས་ཀྱང་བསྐྲུན་པ་ཡིན། 2019ལོར་བསེར་སྐོར་སྡེ་བས་ས་ཞིང་མུའུ་1105འཁོར་རྒྱུགས་བྱས་པ་དང་རོང་འབྲོག་ལས་མཉམ་ལས་ཀུང་སི་བཙུགས་ཤིང་། མུའུ་སྟོང་ཅན་གྱི་སྔོ་ཚལ་རྟེན་གཞིར་གླང་རྔ་དང་བསྲན་མ། ཀྲོ་མ་ཀྲུའུ་དང་སུར་པན། མཐོ་སྒང་ཚོད་དཀར་སོགས་འདེབས་འཛུགས་བྱས་ནས་རིམ་བཞིན་འཛམ་ཐང་རྫོང་གི་གད་ཐོག་ཡུལ་ཚོའི་བསེར་སྐོར་སྡེ་བའི་མཐོ་སྒང་གི་སྔོ་ཚལ་ཐོན་སྐྱེད་ཕྱིར་འཚོང་བྱེད་གནས་གཙོ་བོར་ཆགས་ཡོད། འདི་ལྟར་སྡེ་དམངས་ལ་སྔོ་ཚལ་ཟ་རྒྱུ་ཡོད་པ་ཕུད་ཞོར་ལས་གླ་ཆ་དང་ས་ཞིང་འཁོར་རྒྱུགས་ཀྱི་གླ་ཆ་འབབ་ཐུབ་པ་ཡིན། 2022ལོར་སྡེ་དམངས་ཀྱིས་གནས་འདི་ནས་ཞོར་ལས་གཉེར་བའི་ཉིན་རེའི་གླ་ཆ་སྒོར་100ཡིན་ཞིང་ད་ལོར་སྒོར་120ཡིན། དེ་ལས་གཞན་གཏམ་བཟང་ཞིག་ཡོད་པ་ནི་བསེར་སྐོར་སྡེ་བས་ད་དུང་ལྗོངས་སྐོར་སྣེ་ལེན་ཀྱང་བྱེད་བཞིན་ཡོད། ད་ལྟ་བགྲོད་ལམ་བཟང་བས་འགྲིམ་འགྲུལ་སྟབས་བདེ་བོ་ཡོད། ལོ་རེར་ལྟ་སྐོར་བ་མང་པོ་གནས་འདིར་ཡོང་ནས་ལྟ་སྐོར་བྱེད་པ་ཡིན། ང་ཚོའི་སྡེ་བའི་མི་མང་པོས་སྒོ་དྲུང་དུ་ཚོང་ལས་གཉེར་ནས་དམངས་ཁང་དང་ཟ་ཁང་ཕྱེས་ཏེ་ཡོང་འབབ་འཚོལ་ཐུབ། འདི་ནི་སྔོན་ཆད་ཡིད་ལའང་མ་དྲན་པ་ཞིག་ཡིན་ཞེས་གད་ཐོག་ཡུལ་ཚོའི་བསེར་སྐོར་སྡེ་བའི་སྡེ་མི་བསོད་ནམས་ལྷ་མོས་ཕ་ཡུལ་གྱི་ལམ་གྱི་འགྱུར་ལྡོག་གླེང་སྐབས་དགའ་སྤྲོའི་ངང་བཤད། 2021ལོར་འཛམ་ཐང་རྫོང་གིས་ཞིང་ཆེན་རིམ་པའི་བཟང་བཞིའི་སྡེ་ལམ་དཔེ་སྟོན་རྫོང་གསར་དུ་བསྐྲུན་པ་དང་2022ལོར་སི་ཁྲོན་ཞིང་ཆེན་གྲོང་གསེབ་འགྲིམ་འགྲུལ་བཟོ་སྐྲུན་དཔེ་སྟོན་རྫོང་གསར་དུ་བསྐྲུན།

    ད་ལྟ་འཛམ་ཐང་རྫོང་གི་གཞུང་ལམ་འཛུགས་སྐྲུན་བདག་སྐྱོང་ལ་ལོ་རྒྱུས་རང་བཞིན་ལྡན་པའི་ཐོད་བརྒལ་གྲུབ་འབྲས་བླངས་ཏེ་རྩ་བའི་ཆ་ནས་ཕྱི་ནང་ལ་ཤར་བགྲོད་ཐུབ་པའི་རྣམ་པ་ཆགས་ཡོད། མཛེས་སྡུག་དང་གཙང་དག བདེ་འཇགས་ལྡན་པའི་གྲོང་གསེབ་གཞུང་ལམ་རེ་རེ་ནི་འཛམ་ཐང་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་དང་བདེ་སྐྱིད་ལམ་ཡིན་ཞིང་། གཞུང་ལམ་འདི་དག་གིས་རྫོང་ཡོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགྲིམ་འགྲུལ་འདེགས་སྐྱོར་ལེགས་པོ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1