༄༅། །དགེ་རྒན་གྱི་འདུ་ཤེས་འཛིན་སྟངས་ཀྱི་དབྱེ་བ་འགའ་བཤད་པ།

དཀར་ལུང་བསོད་ནམས་རྒྱ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-20


        འཛམ་གླིང་ཡོངས་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་ཉག་ཅིག་ནི་སློབ་གསོ་ཡིན་ཏེ། རྒྱུ་མཚན་ནི་མི་གཤིས་ཀྱི་མཆོག་དམན་དང་། ཁྱིམ་ཚང་གི་བདེ་སྡུག ཁོར་ཡུག་གི་བཟང་ངན། སྤྱི་ཚོགས་ཀྱི་སྒྲིག་གཞི། དཔལ་འབྱོར་གྱི་ཡོང་འབབ། རིག་གནས་ཀྱི་དར་རྒུད། མིའི་རིགས་ཀྱི་འཆམ་མཐུན་སོགས་ལ་ཐད་ཀར་དུ་ཤུགས་རྐྱེན་མི་དམན་པ་དང་ནུས་པ་བླ་ལྷག་ཐོན་དང་འཐོན་མུས་སུ་མཆིས་པ་ནི་སློབ་གསོ་རེད། ཡིན་ནའང་དེའི་སྔོན་འགྲོ་ནི་ཆེས་འཐུས་ཚང་དང་ཚད་ལྡན་གྱི་དགེ་མིང་འཛིན་པའི་སྡེ་ཞིག་ཆགས་རྒྱུ་དེ་དངོས་གནས་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།


གཅིག སློབ་མར་རང་གི་ཕྲུ་གུའི་འདུ་ཤེས་འཛིན་པ།

        འཛམ་བུ་གླིང་ན་བྱིས་པར་ཆེས་ཤ་ཚ་ཞིང་སྙིང་ཉེ་བའི་མི་ཞིག་ཡོད་པ་ནི་བྱིས་པའི་ཕ་མ་དང་དགེ་རྒན་གཉིས་ཡིན་ལ། བྱིས་པའི་འདས་མ་ད་གསུམ་ལ་ཤུགས་རྐྱེན་མི་དམན་པ་བཞག་དང་འཇོག་བཞིན་པའང་ཕ་མ་དང་དགེ་རྒན་གཉིས་ཡིན་པས། མིའི་རིགས་ཀྱི་བླ་སྲོག་བཟོ་སྐྲུན་པ་རུ་འབོད་པའི་དགེ་རྒན་རེ་རེ་ནི་བྱིས་པ་རེ་རེའི་ཕ་མ་ཟུང་རེ་ཡིན།

        དགེ་རྒན་གང་དེས་སློབ་མའི་ཕྱོགས་ཡོངས་ལ་སེམས་ཁུར་དང་དོ་སྣང་བྱ་རྒྱུ་གལ་ཆེ་སྟེ། ཐ་ན་སློབ་མའི་ལུས་སྟེང་དུ་ཚི་དྲེག་ཡོད་མེད་དང་། ཞ་སྨྱུག་དང་འབྲི་དེབ་ཡོད་མེད། ལུས་སེམས་བདེ་ཐང་ཡིན་མིན་སོགས་དོན་དག་ཆེ་མ་ཆུང་གསུམ་གང་ལ་ཡང་དོ་ཁུར་དང་། དབྱེ་ཞིབ། ཐག་གཅོད་ཡང་དག་བྱས་ན་ད་གཟོད་དགེ་རྒན་ཉིན་ཕྱེད་ཙམ་ལ་མ་མཐོང་ན་དྲན་པའི་མིག་ཆུ་བཞུར་བའི་སློབ་མ་མང་དུ་འབྱུང་ངེས། དེ་བས། དགེ་རྒན་སུ་ཡིན་ནའང་སློབ་གསོའི་ལས་གནས་སུ་སྡུག་ཡུས་ཀྱི་ངན་སྨྲས་མི་མཛད་པར་ཞི་ཞིང་དུལ་བ་དང་། བཟོད་མེད་ཀྱི་རྡུང་རྡེག་མི་བྱེད་པར་འཇམ་ཞིང་ལྷོད་པ། ཕྱོགས་ཞེན་གྱི་དྲག་རླུང་མི་ལྡང་བར་དྲང་ཞིང་བྱམས་པའི་སྒོ་ནས་སློབ་མ་རེ་རེར་རང་གི་ཕྲུ་གུ་ལྟ་བུའི་འདུ་ཤེས་བཟུང་ཐོག རང་གི་ལུས་ངག་ཡིད་གསུམ་དུ་གནས་བཅུའི་ཡལ་འདབ་རྣམ་པར་རྒྱས་ཤིང་། གཞན་ཕན་གྱི་ལྷག་བསམ་མཁའ་རུ་འཕྱོ་བ། སྙིང་རྗེ་ཡི་འོད་ཟེར་ཕྱོགས་བཅུར་འཕྲོ་བ། ཕྲག་དོག་གི་སྨུག་བུན་རྦད་དེ་བྲལ་བའི་དགེ་རྒན་ཞིག་བྱེད་རྒྱུ་ཤིན་ཏུ་གལ་ཆེའོ། །


གཉིས། སློབ་གྲྭར་རང་གི་ཁྱིམ་གྱི་འདུ་ཤེས་འཛིན་པ།

        ཁྱིམ་མེད་འཁྱམ་པོ་དང་སྤྲང་པོ་མ་གཏོགས་པའི་སྐྱེ་བོ་སུ་ཞིག་ཡིན་རུང་རང་ཁྱིམ་ལ་གད་བདར་མི་བྱེད་པ་དང་། གཞིས་ཀ་ལ་དགའ་བོ་མི་བྱེད་མཁན་ཞིག་དཀོན་པོ་འདུག ཐ་ན་གཞི་རིམ་ནས་གྲོང་ཁྱེར་དུ་གནས་སྤར་ཟིན་པའི་མི་རྣམས་ཀྱིས་ཀྱང་ཁོམ་ལོང་གི་དུས་ཚོད་རེ་བཙལ་ཏེ་ཞིང་གྲོང་གི་གཞིས་ཀའི་ཕྱི་ནང་མཐའ་དག་གད་བདར་གང་ལེགས་བྱེད་ཅིང་། ཁྱིམ་ཆས་གསར་རྙིང་ཀུན་ལ་དོ་དམ་དང་གཅེས་སྤྲས་གང་ལེགས་བྱེད། སྒོས་སུ་དགེ་མིང་འཛིན་པ་དག་ལྟ་ཅི། རེད་དེ། ཁ་སང་དེ་རིང་གི་དགེ་རྒན་མང་པོ་ཞིག་སློབ་གྲྭར་ཐོན་རྗེས་སློབ་ཁྲིད་བྱེད་པ་ལས་གཞན་པའི་བྱ་བ་ལ་ཁ་ཡ་མི་བྱེད། དཔེར་ན། སློབ་གྲྭའི་གཞུང་སྒྲུབ་ཁང་དང་། སློབ་ཁང་། མལ་ཁང་། ཇ་ཁང་། སྤྱོད་ཁང་སོགས་སློབ་གྲྭའི་ཁོ་ར་ཁོར་ཡུག་ཀུན་ཏུ་གད་སྙིགས་ཀྱིས་སྦགས་ཡོད་ཀྱང་བདེ་བ་གསུམ་དང་འགྲོགས་ནས་གཡོལ་བར་བྱེད། བྱ་སྤྱོད་དེས་ལད་ཟློས་ལ་གོམས་ཤིང་སྐྱོན་ཡོན་བླང་དོར་ལ་རྨོངས་པའི་ལོ་ཆུང་གི་བྱིས་པ་རྣམས་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་ངེས་པས། སློབ་གྲྭ་སོ་སོའི་དགེ་རྒན་ཡོངས་ནས་ཤེས་ཡོན་གྱི་ཁྱད་པར་དང་། གོ་རིམ་གྱི་མཐོ་དམའ། ལོ་ཚོད་ཀྱི་ཆེ་ཆུང་། ཕོ་མོའི་དབྱེ་བ་མེད་པའི་སྒོ་ནས་སློབ་གྲྭར་རང་གི་ཁྱིམ་ལྟ་བུའི་འདུ་ཤེས་བཟུང་བའི་ཐོག སློབ་གྲྭར་དགའ་ཞེན་དང་། སློབ་ཆས་ལ་གཅེས་སྤྲས། སྤྱི་དངོས་ལ་བདག་སྐྱོང་གང་ལེགས་བྱས་ན་ནི། སྙིགས་མའི་ཞིང་ས་ནས་གད་བདར་གྱི་སྙེ་མགོ་ཐོན་སྲིད་ལ། དཔེ་ཁྲིད་ཀྱི་སྐམ་སར་མི་སྐྱོང་གི་སྦྲང་ཆར་འཇོ་བར་གདོན་མི་ཟ།


གསུམ། དཔེ་ཀློག་ལ་རང་གི་ཟས་ཀྱི་འདུ་ཤེས་འཛིན་པ།

        མི་ཞིག་གིས་ཟ་མ་མ་ཟོས་པར་ཡུན་རིང་འགོར་ན་ཤི་འགྲོ་བ་སུས་ཀྱང་ཤེས་ལ། ཟ་མའི་ནང་ནས་དུག་ཅན་དང་བཅུད་ཅན་དབྱེ་བ་མང་བའང་བྱིངས་ནས་ཁས་ལེན་མོད། འོན་ཀྱང་དགེ་རྒན་རྣམ་པ་དཔེ་ཀློག་གི་འཇིངས་སུ་ཡེ་ནས་མ་ཞུགས་པ་དང་། ཡང་ན་དཔེ་ཆའི་རིགས་དབྱེ་མ་ཤེས་པ་དང་། རང་གིས་ཀློག་དགོས་པ་གང་ཡིན་པ་མ་ཤེས་ན་འཆི་འགྲོ་བ་ཉུང་ཤོས་ཤིག་གིས་མ་གཏོགས་ཁས་མི་ལེན། གལ་ཏེ་དགེ་རྒན་ནི་ཤེས་རིག་གི་བདུད་རྩི་སྦྱིན་མཁན་དང་། ལྷག་བསམ་གྱི་སྒོ་མོ་འབྱེད་མཁན། མདུན་སྐྱོད་ཀྱི་དུང་བརྡ་སྒྲོག་མཁན། གསར་གཏོད་ཀྱི་གཡུལ་སྣ་འདྲེན་མཁན། རྒྱུ་འབྲས་ཀྱི་ཆོས་ཉིད་རྟོགས་མཁན། བདེན་དོན་གྱི་རལ་གྲི་འཕྱར་མཁན་སོགས་སུ་བསྒྲགས་དང་སྒྲོག་བཞིན་པ་འདི་ཁུངས་བཙུན་ཚུགས་ཐུབ་ཅིག་ཡིན་དགོས་ཚེ། དེ་དག་ཡོད་དོ་ཅོག་དཔེ་ཀློག་དང་ཁ་འབྲལ་ཐབས་ཡེ་ནས་མེད།

        དགེ་རྒན་རྣམས་ཀྱིས་དཔེ་ཀློག་ལ་མ་བརྟེན་པར་རང་གིས་སྔོན་ཆད་སྦྱངས་པའི་ཤེས་བྱ་ཡོན་ཏན་ཙམ་ལ་གཞི་བཅོལ་བ་དང་ཡིད་ཚིམ་ནས་བསྡད་ན་ནི། སློབ་མ་རྣམས་ནི་ཕྱོགས་ངེས་ཅན་ཞིག་ནས་བཤད་མི་ཤེས་གེ་སར་སྒྲུང་ལྟ་བུ་ཡིན་པ་དང་། ལོ་རྒྱུས་ཀྱི་གསང་བ་དང་སློབ་དེབ་ཀྱི་ནང་དོན་ལོ་རེ་ནས་ལོ་རེར་བརྗེས་དང་རྗེ་བཞིན་ཡོད་པས། དཔེ་ཆ་མང་པོར་མ་མཇལ་མ་ཀློག་མ་དཔྱད་མ་མཁྱེན་པར་དུས་ཚོད་འཁྱོལ་ཐབས་དང་ཉི་མ་འཕུད་ཐབས་བྱས་ན། ནམ་ཞིག་གི་ཚེ་ཁྱེད་ཀྱིས་ཤེས་པ་དང་མཁྱེན་པ་མཐའ་དག་བརྗེད་ངས་རྐུན་པོས་དལ་གྱིས་འཇོམས་བྱས་ཏེ་རྡུལ་མེད་རོ་མེད་ཤུལ་མེད་དུ་འགྱུར་ངེས། སྐབས་དེར་ཐོན་ན“ཤེས་རིག་གི་ཆུ་ཀླུང་ཆད་སོང་བས་ཆུང་སྐྱེས་ཚོའི་བློ་རིག་ཉམས་སོང་ལ། སློབ་གསོ་ཡི་སྣང་བ་གཟིམས་སོང་བས་གསར་གཏོད་ཀྱི་ཆུ་སྐྱེས་བསྐམས་སོང”བའི་སྐྱ་ཟད་སྔོ་རྡུགས་ཀྱི་སྐྱོ་གར་མི་འབྱུང་བའི་ངེས་པ་མེད། དེ་བས། དཔེ་ཀློག་ལ་སྤྲོ་བ་མེད་པ་དང་དཔེ་ཀློག་གི་གོམས་སྲོལ་མེད་པའི་དགེ་རྒན་ནི་གཤོག་ཡ་ཆད་པའི་བྱ་རྒྱལ་རྒོད་པོ་དང་། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ། སྨན་གྱིས་དབུལ་བའི་སྨན་པ་མཁས་པ་སོགས་དང་ཡོངས་སུ་མཚུངས་པས། དགེ་རྒན་གང་དེས་ཀླད་པ་འགྲང་བྱེད་ཀྱི་དཔེ་ཀློག་དེ་རང་གི་ལྟོ་བ་འགྲང་བྱེད་ཀྱི་ཟས་སུ་སྒོམ་ཚེ། མི་གྲལ་གྱི་མགོ་རུ་མི་འབུད་རང་འབུད་ཡིན།


བཞི། ཁྱིམ་བདག་ལ་སྤུན་མཆེད་ཀྱི་འདུ་ཤེས་འཛིན་པ།

        ས་ཆ་སོ་སོར་སྲོལ་དང་ལུགས་དང་དཔེ་སོགས་མི་མཐུན་པ་མང་པོ་མཆིས་ཀྱི། རང་གི་ཤ་ཉེ་རིང་དང་། སྤུན་མཆེད། གྲོགས་གྲོགས་མོ་སོགས་ཕན་ཚུན་བར་རོགས་རེས་གཞོགས་འདེགས་དང་། མཐུན་སྒྲིལ་མཉམ་ལས། གཡས་སྐྱོར་གཡོན་འདེགས་བྱས་ཏེ་རང་གི་རྗེས་སུ་ཡོད་པ་མདུན་ནས་འཐེན་ཞིང་། རང་གི་སྔོན་དུ་ཡོད་པ་རྒྱབ་ནས་སྐྱོར་བ་ནི་ཁོ་ཚོ་ཕན་ཚུན་བར་ལྷད་མེད་ཀྱི་འདང་ཟབ་མོ་ཆགས་ཡོད་པའི་བདེན་དཔང་འཁྲུལ་མེད་ཅིག་ཡིན་པ་དང་། ཅིག་ཤོས་ནི་དེ་ལས་ལྡོག་པ་ཀུན་ལ་གསལ། ཡིན་ནའང་དགེ་རྒན་དང་ཁྱིམ་བདག་གི་འབྲེལ་བ་ནི་སྤུན་མཆེད་ལྟ་བུའི་འབྲེལ་བ་ཡིན་དགོས་པ་དགེ་རྒན་མང་པོས་མཁྱེན་མི་འདུག

        སློབ་གྲྭའི་དགེ་རྒན་དང་སློབ་མའི་ཁྱིམ་བདག་དབར་གྱི་འབྲེལ་བ་ནི་ཆུ་དང་འོ་མ་ལྟ་བུར་འདྲེས་ཤིང་། ཅོག་ཙེ་དང་རྐུབ་སྟེགས་ནང་བཞིན་ཁ་འབྲལ་ཐབས་མེད་པ། ཕུ་བོ་དང་ནུ་བོ་ཇི་བཞིན་འདང་ཆེ་བ། ཨ་ཅེ་དང་སྲིང་མོ་ལྟར་རོགས་བྱེད་པ་ཞིག་ཡིན་དགོས་པ་ལས། ཚོང་བདག་དང་འཛད་སྤྱོད་པ་དང་། ཡང་ན། སྦྱིན་བདག་དང་གླ་བ། འབྱོར་ལྡན་དང་འབྱོར་མེད་ལྟ་བུའི་ཚོང་ལས་ཀྱི་འབྲེལ་བ་ཞིག་ཏུ་ཆགས་ཚེ། དེ་ནི་སློབ་གསོའི་ཕམ་ཁ་རུ་བགྲང་ཆོག་ལ། སྒོས་སུ་དགེ་རྒན་དང་ཁྱིམ་བདག་གང་དེས་སློབ་མའི་འདས་མ་ད་གསུམ་ལ་ཕྱོགས་ཡོངས་ནས་ཐུགས་ཁུར་དང་དོ་སྣང་མ་བྱས་པ་ལྟ་བུར་ཟད། ཚད་ངེས་ཅན་ཞིག་ནས་གཞན་གྱིས་མ་ཐོས་པ་དང་། མ་རིག་པ། མི་ཤེས་པ་གང་མང་ཞིག་དགེ་རྒན་གྱིས་ཐོས་མྱོང་བ་དང་། མཐོང་མྱོང་བ། རྟོགས་ཡོད་པས། མ་མཐའ་ཡང་ཁྱིམ་བདག་ལ་ཞེ་དལ་དལ་སྒོས་ཁ་ཏ་སློབ་གསོ་བྱེད་པ་དང་། སེམས་ལྷོད་ལྷོད་སྒོས་སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་གནས་ཚུལ་གསལ་བོར་བཤད་པ། ཡིད་གཟབ་གཟབ་སྒོས་སློབ་གྲྭའི་སྒྲིག་ལམ་དང་རེ་འདུན་སོགས་གསལ་བསྒྲགས་བྱེད་པ་གཞིར་བཞག་གིས་སློབ་མའི་ཁྱིམ་ཚང་གནས་ཚུལ་རྒྱུས་ལོན་དང་དབྱེ་ཞིབ། ཐག་གཅོད་བཅས་བྱས་ཏེ། དགེ་རྒན་དང་ཁྱིམ་བདག་གི་བར་གྱི་ཟམ་ཆེན་དེ་ཡུན་ནས་ཡུན་དུ་དགའ་སྤྲོས་ཁེངས་རྒྱུ་དང་བརྟན་ཞིང་བརླིང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1