༄༅།། བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་ཞེས་པར་ཅུང་ཙམ་དཔྱད་པ།

རྟ་མགྲིན་དབང་རྒྱལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-21


 དང་པོ། བྱེད་སྒྲའི་གོ་དོན་དང་ཕྲད་ཀྱི་སྦྱོར་ཚུལ་སྐོར།

     གཅིག བྱེད་སྒྲའི་གོ་དོན་བརྗོད་པ། སུམ་ཅུ་པའི་རྩ་བ་ལས་དེ་ཉིད་ལ་ནི་བཅུ་བ་སྦྱར།། བྱེད་པ་པོ་རུ་ཤེས་པར་བྱ།། ཞེས་ཚིག་རྐང་གཉིས་བྱུང་བའི་དོན་ནི་འབྲེལ་སྒྲའི་ཕྲད་གི་གྱི་ཀྱི་འི་ཡི་བཅས་ལ་རྗེས་འཇུག་གི་ཡི་གེ་བཅུ་བ་ས་ཡིག་སྦྱར་བས། གིས། ཀྱིས། གྱིས། འིས། ཡིས། ཞེས་བྱ་བ་གང་ཞིག་བྱེད་པའི་དོན་ཅན་དུ་སྦྱར་པས་བྱེད་པ་པོས་བྱ་བ་བྱེད་པའི་དོན་ཅན་གཙོ་བོར་སྟོན་པས་བྱེད་སྒྲ་ཞེས་བརྗོད་པ་ཡིན་ལ། ལེགས་བཤད་ལྗོན་པའི་དབང་པོ་ལས། དེ་རྣམས་ས་མཐའ་ཅན་ལྔ་ནི།། རྣམ་དབྱེ་གསུམ་པ་བྱེད་སྒྲ་ཡིན།། ཞེས་གསུངས་པ་ལྟར། གིས་སོགས་བྱེད་སྒྲའི་ཕྲད་རྣམས་གཙོ་བོ་གང་ལ་སྦྱར་ཡུལ་གྱི་མིང་གི་ངོ་བོ་མི་འདྲ་བ་ལ་རག་ལས་ཏེ། བྱེད་པ་པོ་གཞན་དང་འབྲེལ་བའི་བྱ་བ་ལ་བྱེད་སྒྲ་དངོས་ཤུགས་གང་རུང་དུ་ཐོན་པས། བྱེད་སྒྲ་ཞེས་པའང་གཙོ་བོ་བྱ་བྱེད་ཐ་དད་པའི་ལས་ཚིག་ལ་དམིགས་ཤིང་། བྱེད་པ་པོ་དང་བྱེད་པ་གང་རུང་གིས་བྱ་བ་གང་ཞིག་བྱས་པ་སྟོན་པ་ཡིན་པས་བྱེད་སྒྲ་ཞེས་བརྗོད་པ་ཡིན་ནོ།།

     གཉིས། བྱེད་སྒྲའི་ཕྲད་ཀྱི་འཇུག་ཡུལ་དངོས་བཤད་པ། ལེགས་བཤད་ལྗོན་པའི་དབང་པོ་ལས། སྦྱོར་ཚུལ་ན་མ་ར་ལ་གྱི།།ད་བ་ས་ཀྱི་ག་ང་གི། འ་དང་མཐའ་མེད་འི་དང་ཡི།། ཞེས་གསུངས་པ་ལྟར་རྗེས་འཇུག་ད་བ་ས་གསུམ་གྱི་རྗེས་སུ་ཀྱིས་དང་། ག་ང་གཉིས་ཀྱི་རྗེས་སུ་གིས། ན་མ་ར་ལ་བཞིའི་རྗེས་སུ་གྱིས། འ་དང་མཐའ་མེད་པའི་མཐར་འིས་དང་ཡིས་ཐོབ་ཅིང་། བྱེད་སྒྲ་ཞེས་པའང་གཙོ་བོ་བྱ་བྱེད་ཐ་དད་པའི་ལས་ཚིག་ལ་དམིགས་ཤིང་། བྱེད་པ་པོ་དང་བྱེད་པ་གང་རུང་གིས་བྱ་བ་གང་ཞིག་བྱས་པ་སྟོན་པ་ནི་བྱེད་སྒྲའི་ཕྲད་ཀྱི་འཇུག་ཡུལ་དངོས་ཡིན་པས། དེ་དག་གི་འཇུག་ཡུལ་དངོས་ལ་བྱེད་པ་པོ་སྟོན་པ་དང་། བྱེད་པ་པོ་ཆ་འདྲ་བ་སྟོན་པ། བྱེད་པ་སྟོན་པ་བཅས་གསུམ་ཡོད་དེ།

   (1)བྱེད་པ་པོ་ཞིག་གིས་བྱ་བ་བྱེད་པ་སྟོན་པ་ཞེས་པ་ནི་བྱ་བ་སྒྲུབ་མཁན་སེམས་དང་ལྡན་པ་ཞིག་གི་མིང་མཐར་གིས་སོགས་སྦྱར་ཏེ་བྱ་བ་བྱས་པ་སྟོན་པ་སྟེ། དཔེར་ན། དགེ་རྒན་གྱིས་སློབ་ཁྲིད་བྱས། སློབ་མས་ལས་བྱ་བྲིས། བློ་བཟང་གིས་ཐག་པ་བཅད་ཅེས་པ་ལྟ་བུ་བྱེད་པ་པོ་སྨྲ་ཤེས་དོན་གོ་བའི་མི་ཞིག་གིས་བྱ་བ་ཅི་ཞིག་སྒྲུབ་པ་སྟོན་པ་ཡིན་ལ། གཞན་ཡང་མི་མ་ཡིན་པའི་སེམས་ལྡན་ལ་སྲོག་ཆགས་ཤིག་གིས་བྱ་བ་བྱེད་པ་སྟོན་པ་སྟེ། དཔེར་ན། རྟ་ཕོས་བང་རྩལ་འགྲན། སྟག་གིས་ཤ་ཟ། ཞེས་པ་དང་གླང་ཆེན་སྟོབས་ལྡན་ཁྱུར་ལོངས་པ། །རི་བོང་བློ་ལྡན་གཅིག་གིས་བཏུལ།། ཞེས་པ་སོགས་མི་ལས་གཞན་པའི་སེམས་ལྡན་ཞིག་གིས་བྱ་བ་བྱེད་པ་སྟོན་པའོ།།

         (2)བྱེད་པ་པོ་ཆ་འདྲ་བ་སྟོན་པ་ནི། འབྱུང་བ་བཞི་དང་ཉི་ཟླ་སོགས་རང་བྱུང་ཁམས་ཀྱི་དངོས་པོ་དག་གིས་བྱ་བ་གང་རུང་ཞིག་བྱེད་པ་སྟོན་པ་སྟེ། དཔེར་ན། མེས་འཚིག རླུང་གིས་ཁུར། ཆུ་ལོག་གིས་ཞིང་ས་བསྣུབས། ཉི་མས་སྐམ་ལྟ་བུ་བྱེད་པ་པོ་དངོས་མིན་ཡང་བྱེད་པ་པོ་ཞིག་དང་ཆ་འདྲ་བས་དེ་སྐད་ཟེར་རོ།།

   (3)བྱེད་པ་སྟོན་པ་ཞེས་པ་ནི་བྱེད་པ་པོའི་ལག་ཆ་སོགས་བཀོལ་ནས་ལས་ཀ་ཞིག་སྒྲུབ་པ་ཡིན་ལ། སྐབས་འདིར་བྱེད་པ་པོ་དངོས་སུ་མི་སྣང་ཡང་བྱེད་པ་པོ་ཤུགས་བསྟན་དང་བྱེད་པ་དངོས་བསྟན་ཡིན་པས་བེམ་དངོས་སོགས་ཀྱི་རྗེས་སུ་བྱེད་སྒྲའི་ཕྲད་སྦྱར་ནས་བྱ་བ་ཅི་ཞིག་སྒྲུབ་པ་སྟོན་ནོ།། དཔེར་ན། ལག་པས་བྲིས། སྟ་རེས་ཤིང་བཅད། མདའ་ཡིས་བསད། དབྱུག་པས་བརྡུངས། གྲིས་བཅད་ལྟ་བུ་བེམ་དངོས་ཀྱི་མིང་མཐར་གིས་སོགས་སྦྱར་ཏེ་བྱ་བ་ཅི་ཞིག་བྱེད་པ་སྟོན་པ་དག་ནི་བྱེད་སྒྲའི་འཇུག་ཡུལ་དངོས་ཡིན་ནོ།།

     གཉིས་པ། གིས་སོགས་རྒྱུ་མཚན་སྟོན་པ་ལ་འཇུག་པར་དཔྱད་པ།

     བྱེད་སྒྲ་ནི་གཙོ་བོ་བྱེད་པ་པོ་སྟོན་བྱེད་ཀྱི་སྒྲ་སྟེ། བྱ་བ་གང་ཞིག་བྱེད་པ་པོ་ཞིག་གིས་བྱས་ཟིན་པའམ། བྱེད་བཞིན་པའམ། བྱ་བར་འགྱུར་བ་གང་རུང་སྟོན་པར་བྱེད་པའི་སྒྲ་ཡིན་ཏེ། འདི་ལ་བྱེད་པ་པོའམ་བྱེད་པ་གཉིས་དངོས་ཤུགས་གང་རུང་དུ་ཡོད་ཆོག་ཀྱང་བསྒྲུབ་རྒྱུའི་བྱ་བ་ཞིག་ངེས་པར་ཡོད་དགོས་ཏེ། དཔེར་ན། ཚེ་རིང་གིས་ལྕགས་སྨྱུག་གིས་ཡི་གེ་བྲིས་ཞེས་པ་ལྟ་བུར་མཚོན་ན་འདི་ལ་བྱེད་སྒྲའི་འཇུག་པ་ཞེས་ཟེར། ཅིའི་ཕྱིར་ཟེར་ན། ཚེ་རིང་བྱེད་པ་པོ་དང་། ལྕགས་སྨྱུག་བྱེད་པ་ཡི་གེ་ལས། གིས་ནི་བྱེད་སྒྲའི་ཕྲད་ཡིན་པས། བྱེད་པ་པོ་སྟོན་བྱེད་ཀྱི་སྒྲ་སྟེ་བྱེད་སྒྲ་ཟེར། ནམ་རྒྱུན་བྱེད་སྒྲ་རྒྱུ་མཚན་སྟོན་པ་ལ་འཇུག་པ་ཞེས་བརྗོད་པ་འདི་ལ་བྱེད་པ་དང་བྱེད་པ་པོ་དང་ལས་ཀྱི་དངོས་པོ་གསུམ་མི་སྣང་བས་འདི་ལ་བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་ཞེས་བརྗོད་དམ་ཞེ་ན། མི་བརྗོད་དེ་འདི་ལ་གིས་སོགས་རྒྱུ་མཚན་ལ་འཇུག་པ་ཟེར་བ་ལས། བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་མི་ཟེར། ཅིའི་ཕྱིར་ཟེར་ན། དཔེར་ན། རྩ་བ་ལྕི་བས་ཐུར་དུ་སོང་། རྩེ་མོ་ཡང་བས་གྱེན་དུ་ལུས་སོ།།ཞེས་དང་། ཤེས་རབ་མེད་པའི་རྒྱུ་མཚན་གྱིས། །བླུན་པོའི་ཡོན་ཏན་མི་སློབ་བོ།།བརྟགས་ནས་ཤེས་རབ་མེད་ཉིད་ཀྱིས།། བླུན་པོ་འབད་པ་ལྷག་པར་དགོས།། ཞེས་པ་དང་། མཁས་པས་བདེན་པར་སྨྲ་བ་ཡིས། །རང་ཚིག་གཞན་གྱིས་ཚད་མར་བྱེད། །བླུན་པོས་རྫུན་པར་སྨྲ་བ་ཡིས། །རང་ཚིག་གཞན་གྱིས་རིས་སུ་འབོར།། ཞེས་པ་ལྟ་བུ་དང་། མི་དེ་ཕྲག་དོག་པའི་དབང་གིས་གཞན་གྱི་ཡོན་ཏན་ལ་མི་དགའ། རྒྱལ་པོ་ཤིན་ཏུ་ཁྲོ་གཏུམ་ཆེ་བའི་རྐྱེན་གྱིས་བློན་པོ་དག་གིས་ཞུ་མ་ཕོད། ཅེས་བརྗོད་པ་དག་ལས་འིས། གིས། གྱིས། ཀྱིས། ཡིས་བཅས་ནི་བྱེད་སྒྲའི་ཕྲད་དངོས་མིན་ཏེ། འདི་དག་སྔ་རྐྱེན་ཕྱིས་འབྱུང་གི་དོན་གསལ་བར་སྟོན་བྱེད་ཀྱི་སྒྲ་ཡིན་པས། གིས་སོགས་རྒྱུ་མཚན་སྟོན་བྱེད་ལ་འཇུག་པ་ཞེས་བརྗོད་ན་མིང་ཡང་དག་ཅིག་རེད་བསམས། དཔེར་གཞན་ཞིག་གི་སྟེང་ནས་རིག་བསྒྲུབས་བྱེད་ན། རྟ་ནོར་ལུག་གསུམ་མཐོང་བ་ལས་འབྲོག་ཁྱིམ་ཡོད་པ་ཤེས་ཟེར་བའི་ལས་སྒྲ་འདི་ལ་འབྱུང་ཁུངས་རྒྱུ་མཚན་ལ་འཇུག་པ་མི་ཟེར་བར་ལས་སྒྲ་རྒྱུ་མཚན་ལ་འཇུག་པ་ཟེར་དོན་ཅི། གོང་གསལ་ལྟར་དུ་བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་ཟེར་རུང་ན། འདི་ལའང་འབྱུང་ཁུངས་རྒྱུ་མཚན་ལ་འཇུག་པ་ཟེར་ཡང་མི་ཆོག་རྒྱུ་མེད་སྙམ། འབྱུང་ཁུངས་རྒྱུ་མཚན་ལ་འཇུག་པ་ཟེར་བའི་ཐ་སྙད་འདི་ཁས་མི་ལེན་ན། བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་ཟེར་བའི་ཐ་སྙད་འདིའང་དེ་དང་ཀུན་ནས་མཚུངས། བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་ཞེས་བརྗོད་པའི་སྐབས་སུའང་བྱེད་སྒྲའི་གོ་དོན་གྱི་ཆ་གང་ཡང་མེད་པས་སོ།། ཡང་ཁ་ཅིག་གིས་འབྱུང་ཁུངས་ཀྱི་ཕྲད་གཉིས་པོ་རྒྱུ་མཚན་དུ་མི་འཇུག་པས་འདི་ལ་འབྱུང་ཁུངས་རྒྱུ་མཚན་ལ་འཇུག་པ་མི་ཟེར་བ་ཡིན་ཟེར་ན། བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་ཟེར་བའི་སྐབས་ཏེ། བཟའ་བཏུང་མེད་པའི་རྐྱེན་གྱིས་བསླང་དུ་མི་འགྲོ་ཀ་མེད་བྱུང་། མི་དེ་ཕྲག་དོག་པའི་དབང་གིས་གཞན་གྱི་ཡོན་ཏན་ལ་མི་དགའ། ཞེས་པའི་དཔེར་བརྗོད་རྐྱེན་དང་དབང་གཉིས་མེད་པའི་དབང་དུ་བྱས་ན། རྒྱུ་མཚན་བསྟན་རྒྱུ་ཕར་ཞོག་བརྗོད་བྱའི་དོན་ཡང་ཉག་ཉོག་ཏུ་འགྲོ་བས་རྒྱུ་མཚན་གསལ་བྱེད་ཀྱི་ཚིག་གྲོགས་དང་མ་སྦྲགས་ན་རྒྱུ་མཚན་ཞིག་གསལ་བཤད་བྱེད་པའི་ནུས་པའང་མེད་པས་འདིར་བྱ་བ་ཞིག་བྱས་པ་སྟོན་པ་ཕར་ཞོག་གིས་སོགས་རྒྱུ་མཚན་སྟོན་པ་ལ་འཇུག་པ་ཟེར་བའང་དཔྱད་པའི་གནས་གལ་ཆེན་ཞིག་རེད། བྱེད་འབྲེལ་གཉིས་ནི། བྱེད་པ་པོ་ཞིག་གི་ལག་ཆ་དང་ཡོ་བྱད་སོགས་བཟུང་ནས་བྱ་བ་ཅི་ཞིག་ཇི་ལྟར་བྱེད་པ་སོགས་གཙོ་བོ་སྟོན་བྱེད་ཀྱི་སྒྲ་ཡིན་པས་བྱེད་སྒྲ་དང་། འབྲེལ་སྒྲ་ཞེས་པ་ནི་འབྲེལ་གཞི་གང་ལ་འབྲེལ་ཆོས་གང་ཞིག་འབྲེལ་ཡོད་པ་གསལ་བར་སྟོན་པའི་སྒྲ་ཡིན་པས་འབྲེལ་སྒྲ་ཟེར་བ་ཡིན། སྒྲ་ཞེས་པ་ནི་གཞུང་གི་དོན་ལ་འཇུག ལེགས་བཤད་ཚང་པ་བཞད་པའི་བློ་གྲོས་ཀྱིས་བཤད་པ་བཞིན་དུ་འབྲེལ་སྒྲ་དང་བྱེད་སྒྲ་དེ་སྒྲ་ལྟ་བུའི་སྒྲ་དེ་ནི་ཕྲད་སོ་སོའི་ཐ་སྙད་དེ་ཡི་གདངས་སམ་ངག་གི་དོན་ལ་སྦྱོར་བ་ཡིན་ཞེ་ན་བྱེད་སྒྲ་ཞེས་པའི་མིང་འདི་མིང་གི་ལྷག་མ་ཞིག་ཏུ་མི་འགྲོའམ། དེ་བཞིན་དུ་རྣམ་དབྱེ་གཉིས་པ་ནས་བདུན་པའི་མིང་འདི་དག་ལ་ལས་སུ་བྱ་བ་དང་དགོས་ཆེད་དང་རྟེན་གནས། ཚེ་སྐབས་སོགས་རེ་རེར་མིང་རེ་བཏགས་པ་ལ་ནུས་པ་ཅི་ཡོད། སྒྲ་ཞེས་པ་ཕྲད་སོ་སོའི་ཐ་སྙད་དེ་ཡི་གདངས་སམ་ངག་གི་དོན་ལ་སྦྱོར་བ་ཡིན་ཞེ་ན། དེ་དག་ལ་གིས་སྒྲ་དང་ཀྱིས་སྒྲ། གྱིས་སྒྲ། འིས་སྒྲ། ཡིས་སྒྲ་ཞེས་མི་བརྗོད་པར་སྤྱིར་ལ་ཁྱབ་པའི་མིང་བྱེད་སྒྲ་ཞེས་བརྗོད་དོན་ཅི་ཡིན། ཕྲད་འདི་ལྔའི་གཙོ་བོ་བྱེད་པ་པོ་ཞིག་གི་བྱ་བ་ཅི་ཞིག་བྱས་པ་སྟོན་པ་ཡིན་པས་བྱེད་སྒྲ་ཞེས་བརྗོད་པ་ནི་དགེ་སློབ་ཀུན་གྱིས་ཤེས་གསལ་ལྟར་རེད། སློབ་ཁང་མ་ཡིན་པའི་ཁང་སྟོང་ཞིག་ལ་སློབ་ཁང་གི་མིང་འདི་ཐོགས་སམ་མི་ཐོགས། དེ་བཞིན་དུ་བྱེད་པ་པོ་ཞིག་གི་བྱ་བ་ཞིག་བྱེད་པ་མི་སྟོན་ན་དེ་ལ་བྱེད་སྒྲ་ཞེས་མི་བརྗོད་པ་མི་ཀུན་གྱི་སེམས་ན་ཧ་ཅང་གསལ། ཡིན་ནའང་བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་ཞེས་པ་འདི་ལ་ཡང་ཡང་མ་དཔྱད་ན་བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་ཞེས་པའི་མིང་འདི་ཡང་དག་པའི་མིང་ཞིག་ཡིན་ཞེས་འདོད་མཁན་གྱི་མི་ཧ་ཅང་མང་པོ་ཞིག་ཡོད། གོང་གསལ་གྱི་དཔེར་བརྗོད་དག་ལ་དཔྱད་པ་ཡང་ཡང་བཏང་ན་འདི་ལ་གིས་སོགས་རྒྱུ་མཚན་ལ་འཇུག་པ་ཟེར་བ་ལས་བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་ཞེས་བརྗོད་ན་མི་འོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1